《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月25日

ཀྲུང་ཨའི་ཡུལ་སྐོར་གྱི་མཐོ་རིམ་གླེང་མོལ་སྐབས་བཅུ་བཞི་པ་ཤིས་ཨན་དུ་འགོ་ཚུགས་པ།

ཤིན་ཧྭ་གསར་འགྱུར་ཁང་ཤིས་ཨན་ནས་ཟླ་5ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན། ཀྲུང་ཨའི་ཡུལ་སྐོར་གྱི་མཐོ་རིམ་གླེང་མོལ་སྐབས་བཅུ་བཞི་པ་ཧྲའན་ཤིས་ཤིས་ཨན་དུ་འགོ་ཚུགས་ཤིང་། རྒྱལ་དོན་ཨུ་ཡོན་ཧྲེན་དབྱི་ཆིན་འགོ་ཚུགས་མཛད་སྒོར་ཞུགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་འདིའི་མཐོ་རིམ་གླེང་མོལ་ལ་སྤྲིངས་གནང་བའི་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་འབྲེལ་ཤིས་ཚིག་ཀྱང་སྒྲོན་པ་རེད།

ཧྲེན་དབྱི་ཆིན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྲིངས་གནང་བའི་འཕྲིན་ཡིག་ཐོག་ནས་ཀྲུང་ཨའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་པ་དང་ཀྲུང་ཨའི་ཡུལ་སྐོར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་སྒུག་ཀྱང་མཚོན་ཡོད། ཀྲུང་ཨའི་ཡུལ་སྐོར་གྱི་མཐོ་རིམ་གླེང་མོལ་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་ཅིའུ་ཅིན་ཧྲན་དུ་ཞལ་འཛོམས་ཀྱིས་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པའི་བྱ་ཐབས་ཤིག་ཡིན་པས། ཀྲུང་ཨའི་ཡུལ་སྐོར་མཉམ་ལས་སླར་གསོ་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་ཐུབ་ངེས་རེད་ཅེས་བརྗོད་པ་རེད།

ཧྲེན་དབྱི་ཆིན་གྱིས། ཀྲུང་གོ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྲིངས་གནང་བའི་འཕྲིན་ཡིག་གི་དགོངས་དོན་རྒྱུན་འཛིན་དང་གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་དོན་འཁྱོལ་བྱས་ཏེ་ཨ་རི་ཕྱོགས་དང་མཉམ་དུ་ཡུལ་སྐོར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། མི་དམངས་འགྲོ་འོང་བྱེད་པར་སྐུལ་འདེད་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པར་སྣེ་ཁྲིད་བྱེད་པ་བཅས་བྱས་ཏེ་རིག་གནས་དང་། སློབ་གསོ། ལུས་རྩལ། གཞོན་ནུ་ལོ་ཆུང་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་མུ་མཐུད་སྐུལ་འདེད་བཏང་ནས་སྐྱོན་བྲལ་དང་། བརྟན་ལྷིང་། རྒྱུན་མཐུད་ཆོག་པ་བཅས་ཀྱི་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད། ཀྲུང་གོས་ཨ་རིའི་ཡུལ་སྐོར་བ་ཚུད་པའི་རྒྱལ་ཁབ་ཁག་གི་ཡུལ་སྐོར་བ་ཀྲུང་གོར་ཡོང་རྒྱུར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་རྒྱུ་དང་ཕྱི་རྒྱལ་བ་ཀྲུང་གོར་ཡུལ་སྐོར་དང་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་བར་ཡོང་རྒྱུར་སྟབས་བདེ་བསྐྲུན་ཚད་མཐོ་རུ་གང་ཐུབ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

ཨ་རིའི་ཚོང་དོན་པུའི་པུའུ་ཀྲང་ལས་རོགས་ཀེ་ལན་ཐེ·ཧཱ་ལི་སི་ཡིས་ཨ་རིའི་ཙུང་ཐུང་པའེ་ཀྲེན་གྱི་འཕྲིན་ཡིག་སྒྲོག་སྦྱངས་བྱས་པ་དང་འབྲེལ་ཤིས་ཚིག་ཀྱང་སྒྲོན་པ་རེད། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་། ལས་ཁུངས། ས་གནས། ཁེ་ལས་བཅས་ཀྱི་འཐུས་མི་400ཙམ་གླེང་མོལ་བྱེད་སྒོར་ཞུགས་པ་རེད། འགོ་ཚུགས་མཛད་སྒོ་མ་འཚོག་གོང་། ཧྲེན་དབྱི་ཆིན་གྱིས་ཨ་རི་ཕྱོགས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་འཐུས་མི་ཡོངས་ལ་མཉམ་སྡེབ་མཇལ་འཕྲད་གནང་བ་རེད།

(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)