《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月25日

འདི་ལོ་སྨན་དང་སྨན་བཅོས་གཅིག་སྡུད་ཉོ་སྒྲུབ་ཀྱི་སྤུས་ཚད་མཐོ་རུ་དང་ཁྱབ་ཁོངས་ཆེ་རུ་གཏོང་རྒྱུ་ཡིན་པ།

ཆ་རྐྱེན་འཛོམས་པའི་ཞིང་ཆེན་རིམ་པའི་མནའ་འབྲེལ་ཉོ་སྒྲུབ་དེ་རྒྱལ་ཡོངས་རང་བཞིན་གྱི་མནའ་འབྲེལ་ཉོ་སྒྲུབ་ལ་རིམ་སྤོར་བྱེད་ཆོག་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་བརྡ་ཐོ་བཀྲམ་ནས་2024ལོར་སྨན་དང་སྨན་བཅོས་གཅིག་སྡུད་ཉོ་སྒྲུབ་ཀྱི་སྤུས་ཚད་མཐོ་རུ་དང་ཁྱབ་ཁོངས་ཆེ་རུ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་ཡོད། བརྡ་ཐོའི་ནང་ས་ཁོངས་དབར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། མནའ་འབྲེལ་གྱི་ཉོ་སྒྲུབ་གཞི་ཁྱོན་དང་ཚད་ལྡན་རང་བཞིན་ཆེ་རུ་གཏོང་བ། ལས་རིགས་ཀྱི་སྔོན་དཔག་ཁ་གསལ་བཟོ་བ། སྒྱུར་བཅོས་ཀྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས་ཞེས་བཏོན་ཡོད།

བརྡ་ཐོའི་ནང་བླང་བྱ་བསྟན་དོན། མནའ་འབྲེལ་གྱི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་རྒྱལ་ཡོངས་མནའ་འབྲེལ་གྱིས་གཅིག་སྡུད་ཉོ་སྒྲུབ་ཆགས་པར་བྱེད་དགོས། རྒྱལ་ཁབ་ཀྱིས་སྒྲིག་འཛུགས་བྱས་པའི་སྨན་རྫས་དང་རིན་ཐང་མཐོ་བའི་སྨན་སྤྱོད་ཟད་གྲོན་རྒྱུ་ཆ་གཅིག་སྡུད་ཀྱི་གྲངས་ཚད་ལྡན་པའི་ཉོ་སྒྲུབ(གཤམ་དུ“རྒྱལ་ཁབ་ཀྱིས་སྒྲིག་འཛུགས་བྱས་ནས་གཅིག་སྡུད་ཉོ་སྒྲུབ”ཅེས་བསྡུ་རྒྱུ)བྱས་པའི་རྨང་གཞིའི་ཐོག་ས་ཁོངས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཆ་རྐྱེན་འཛོམས་པའི་ཞིང་ཆེན་རིམ་པའི་མནའ་འབྲེལ་ཉོ་སྒྲུབ་དེ་རྒྱལ་ཡོངས་རང་བཞིན་གྱི་མནའ་འབྲེལ་གྱི་ཉོ་སྒྲུབ་ཏུ་རིམ་སྤོར་བྱེད་དགོས། རྒྱལ་ཡོངས་ཀྱི་མནའ་འབྲེལ་ཉོ་སྒྲུབ་ཚད་ལྡན་དང་ནུས་ཆེའི་སྒོ་ནས་སྤེལ་དགོས་པ་དང་། ལག་བསྟར་ལྟ་ཞིབ་ཚད་ལེན་ཡག་པོ་བྱེད་པ་དང་ཕན་འབྲས་ཆེ་རུ་གཏོང་དགོས། གཉེར་སྐྱོང་བྱེད་པོ་སྣ་ཚོགས་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་དགོས་པ་དང་། “ས་གནས་སྲུང་སྐྱོང”ལ་སྔོན་འགོག་ནན་པོ་བྱེད་དགོས།

སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཉོ་སྒྲུབ་ཀྱི་སྣ་ཁ་ལུགས་མཐུན་གཏན་འཁེལ་བྱེད་དགོས། གཅིག་སྡུད་ཉོ་སྒྲུབ་ཀྱི་སྣ་ཁ་འདེམས་པར་སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་དང་ས་གནས་དབར་གསབ་རེས་བྱེད་དགོས། རྒྱལ་ཁབ་ཀྱིས་སྒྲིག་འཛུགས་བྱས་ནས་གཅིག་སྡུད་ཉོ་སྒྲུབ་བྱེད་སྐབས་དཔྱད་འཇོག་གཅིག་མཐུན་བྱུང་བའི་སྨན་རྫས་དང་། དེ་བཞིན་རིན་གོང་གང་བྱུང་མཐོ་རུ་གཏོང་བ་དང་མང་ཚོགས་ཀྱིས་བསམ་འཆར་འདོན་མང་བའི་རིན་ཐང་མཐོ་བའི་སྨན་སྤྱོད་ཟད་གྲོན་རྒྱུ་ཆར་གཙོ་བོར་དམིགས་རྒྱུ་རེད། རྒྱལ་ཡོངས་མནའ་འབྲེལ་ཉོ་སྒྲུབ་གཙོ་བོ་རྒྱལ་ཁབ་ཀྱིས་སྒྲིག་འཛུགས་བྱས་ནས་གཅིག་སྡུད་ཉོ་སྒྲུབ་ཕུད་པའི་སྣ་ཁ་དང་། དེ་བཞིན་ཉོ་སྒྲུབ་དངུལ་གྲངས་མང་བ་དང་མི་ཚོགས་ཁྱབ་རྒྱ་ཆེ་བའི“སྣ་ཁ་ཆེ་རིགས”ལ་ཁྱབ་ནས་གཅིག་སྡུད་ཉོ་སྒྲུབ་ཀྱི་ཁྱབ་རྒྱ་རྒྱུན་མཐུད་ཆེ་རུ་གཏོང་དགོས།

(རིག་རྡོར་གྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)