《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月25日

རྒྱལ་ཁབ་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བའི་སྒྲོམ་གཞི་ གཙོ་བོའི་90%བསྐྲུན་ཟིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་22ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཉིན་ཤས་གོང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར། 《རྒྱལ་ཁབ་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བའི་སྒྲོམ་གཞི་གཙོ་བོའི་ལམ་ཐིག་གི་ཇུས་གཞི》སྒྲིག་བཟོ་ལེགས་གྲུབ་བྱུང་ནས། སྒྲོམ་གཞི་གཙོ་བོའི་མདའ་ཁྱམས་བགྲོད་ལམ་ཁག་གི་ལམ་ཐིག་ཁ་ཕྱོགས་དང་ལྟེ་བའི་སྦྲེལ་ཚིགས་གཏན་འཁེལ་བྱུང་ཡོད། “མདའ་མོ་6དང་། བར་ཁྱམས་7 བགྲོད་ལམ་8”ཀྱི“དོན་མཚོན་རི་མོ”ནས“ལམ་ཐིག་རི་མོར”འགྱུར་ཡོད། མིག་སྔར། སྒྲོམ་གཞི་གཙོ་བོའི་བར་མཐོངས་བཀོད་སྒྲིག་ལས་དོན་ཧ་ལམ་ལེགས་གྲུབ་བྱུང་ཞིང་། ལམ་ཐིག་སྤྱིའི་རིང་ཚད་སྤྱི་ལེ་ཁྲི་26ལྷག་ཟིན་པ་ལས་90%ཙམ་ལེགས་གྲུབ་ཟིན་ཏེ། རྒྱལ་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)80%ལྷག་སྦྲེལ་མཐུད་ཐུབ་པ་མ་ཟད། རྒྱལ་ཡོངས་ཀྱི་དཔལ་འབྱོར་དང་མི་འབོར་གྱི་90%ཡས་མས་ལ་ཞབས་འདེགས་ཞུ་བཞིན་ཡོད་པ་རེད།

འདི་ལོ་ཚུན་དུ། འགྲིམ་འགྲུལ་རྣམ་གྲངས་གལ་ཆེན་ཁག་ཅིག་འཛུགས་སྐྲུན་གང་མགྱོགས་བྱུང་ཡོད་པ་སྟེ། ལན་ཧའེ་མྱུར་བགྲོད་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་སྦྲེལ་ཚིགས་ལས་གྲྭའི་མུའུ་ཀྲའེ་ལིང་ཕུག་ལམ་ཧྲིལ་པོ་ཏལ་འབིགས་ཐུབ་པ་དང་། ཧྲེན་ཀྲུང་བགྲོད་ལམ་དང་པེ་ཅིང་ཤར་སྐོར་ལམ་དྲུག་པ་སྒྱུར་བཀོད་ལས་གྲྭ་མཐའ་མའི་གདོང་མཆོང་དུས་མཚམས་སུ་སླེབས་པ། ཕིང་ལུའུ་མིས་བཟོས་གཙང་པོ་དང་ཞའོ་དབྱང་ཧྲན་གྱི་དོས་སྒམ་གྲུ་ཁ་བྱང་མ་སོགས་རྣམ་གྲངས་གལ་ཆེན་ཁག་ཅིག་མགྱོགས་མྱུར་སྐྲུན་བཞིན་ཡོད་པ་སོགས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བའི“མདའ་མོ་6དང་། བར་ཁྱམས་7 བགྲོད་ལམ་8”ཀྱི་སྒྲོམ་གཞི་གཙོ་བོ་མགྱོགས་མྱུར་བསྐྲུན་ནས། ནང་མཁོ་རྒྱ་སྐྱེད་དང་། བརྟན་པོར་འཕར་བ། དམངས་འཚོར་ཕན་པ་བཅས་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད་པ་རེད།

གོམ་སྟབས་རྗེས་མར། འགྲིམ་འགྲུལ་སྐྱེལ་འདྲེན་པུས་ལས་དོན་སྒྲུབ་ཤུགས་ཆེ་རུ་བཏང་ནས“ལམ་ཐིག་རི་མོ”དེ“ཨར་ལས་རི་མོར”བསྒྱུར་རྒྱུ་དང་ཆབས་ཅིག ཐོན་ཁུངས་རྒྱུ་རྐྱེན་འགན་ལེན་དང་། སྒྲོམ་གཞི་གཙོ་བོ་འཛུགས་སྐྲུན་རྣམ་གྲངས་སྔོན་ལ་བཀོད་སྒྲིག སྒྲོམ་གཞི་གཙོ་བོ་འཁོར་སྐྱོད་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་སོགས་ཀྱི་ལས་དོན་མཉམ་སྒྲུབ་ཡག་པོ་བཅས་བྱས་པ་བརྒྱུད། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བའི“མདའ་མོ་6དང་། བར་ཁྱམས་7 བགྲོད་ལམ་8”ཀྱི་སྒྲོམ་གཞི་གཙོ་བོ་སྐྲུན་མགྱོགས་སུ་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ཡག་པོ་དང་འདེགས་སྐྱོར་དེ་བས་ནུས་ལྡན་བྱ་རྒྱུ་ཡིན་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། བསྟན་འཛིན་བཟང་མོས་ཞུས)