རྒྱ་ཆེ་ཞིང་དཀར་ཆ་དོད་པའི་འཁོར་ཁང་ནས“ཏ་ཏ་ཏ”ཞེས་འཚེམ་འཁོར་གྱི་སྒྲ་གྲགས་ཤིང་། རས་དྲས་པ་དང་། དབུར་ཏི་རྒྱག་པ། འཚེམ་པ། ངོས་སྙོམས་པོ་བཟོ་བ་ལ་སོགས་པའི་ལས་རིམ་དག་གོ་རིམ་ལྡན་པའི་སྒོ་ནས་སྒྲུབ་བཞིན་ཡོད། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་ཞའོ་ཞ་ཁྲོམ་གཞུང་ཧྲི་ཅ་ཡིང་གྲོང་ཚོའི་གྱོན་ཆས་བཟོ་གྲྭའི་ནང་བཟོ་པ་ཚོས་སློབ་མའི་དབྱར་དུས་ཀྱི་སློབ་གོས་བཟོ་བཞིན་ཡོད་པ་རེད།
“གྲོང་ཚོའི་ནང་གྱོན་ཆས་བཟོ་གྲྭ་བཙུགས་པས་ང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་བྱུང་། དེ་གར་ལས་ཀའི་དུས་ཚོད་ཐད་ཚོད་འཛིན་མི་ཕོག་པས་ཁྱིམ་གྱི་རྒན་རྒོན་དང་ཕྲུ་གུར་ལྟ་རྟོག་ཐུབ་ཀྱི་འདུག”ཧྲི་ཅ་ཡིང་གྲོང་ཚོའི་དབུལ་གྲོལ་དུད་ཚང་ཡུས་ཅུས་ཞེན་ལ་ཟླ་རེར་གླ་ཕོགས་སྒོར་2000ཙམ་ལེན་རྒྱུ་ཡོད་སྟབས་ད་ལྟའི་འཚོ་བར་བློ་ཡིད་ཚིམ་པོ་བྱུང་ཡོད།
ཧྲི་ཅ་ཡིང་གྲོང་ཚོ་ནི་དཔེ་མཚོན་གྱི་བཤིག་སྤོས་བཀོད་སྒྲིག་གྲོང་ཚོ་ཞིག་ཡིན་ཞིང་། གྲོང་ཚོའི་ངལ་རྩོལ་ནུས་ཤུགས་མང་ཆེ་བ་ཕྱིར་གླ་པ་རྒྱུག་པར་ཕྱིན་པ་དང་གཞིས་ལུས་པ་མང་ཆེ་བ་ནི་རྒན་རྒོན་དང་། བྱིས་པ། བུད་མེད་བཅས་རེད། བེད་མེད་དུ་ལུས་པའི་ཐོན་ཁུངས་སྤྱད་དེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་ཇི་ལྟར་གཏོང་བ་དང་གྲོང་མི་རྣམས་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱེད་པའི་ཐད། ཧྲི་ཅ་ཡིང་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་གྲོང་ཚོའི་ནང་གི་བེད་མེད་དུ་ལུས་པའི་ཁང་པ་བེད་སྤྱོད་ནུས་ལྡན་བྱ་རྒྱུར་བསམ་གཞིག་གང་ལེགས་བྱས་པ་རེད།
“བརྟག་ཞིབ་ཐེངས་མང་བྱས་པ་བརྒྱུད། ཁོངས་གཏོགས་ཁུལ་གྱི་སློབ་གྲྭའི་སློབ་གོས་ཀྱི་མངགས་ཐོའི་དགོས་མཁོ་ཆེ་བ་དང་གྱོན་ཆས་ལས་སྣོན་རྣམ་གྲངས་ལག་བསྟར་བྱེད་འཐུས་རང་བཞིན་ཆེ་ཙམ་ཡོད་པ་ཤེས་རྟོགས་ཐུབ་བྱུང་། ཏང་ཡོན་དང་མང་ཚོགས་ཀྱི་འཐུས་མི་ཚོས་མང་གྲོས་བློ་བསྡུ་བྱས་པ་དང་ཆུས་དང་ཁྲོམ་གཞུང་གཞུང་དོན་ཁང་གི་རྒྱབ་སྐྱོར་ཤུགས་ཆེན་འོག་བེད་མེད་དུ་ལུས་པའི་ཁང་པ་བེད་སྤྱད་ནས། ང་ཚོས་གྱོན་ཆས་ལས་སྣོན་བཟོ་གྲྭ་གཉེར་འགོ་ཚུགས་པ་ཡིན”ཞེས་ཧྲི་ཅ་ཡིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧོ་ཝུན་ཨན་གྱིས་བཤད།
ཧྲི་ཅ་ཡིང་གྲོང་ཚོའི་ཏང་ཀྲི་པུས་རྣམ་གྲངས་རེ་ཞུ་བྱེད་རོགས་བྱས་པ་དང་སྡེ་ཚན་མང་པོས་མཉམ་དུ་ཞིབ་བཤེར་དཔྱད་དཔོག་བྱས་རྗེས། འཚེམ་འཁོར་སོགས་སྒྲིག་ཆས་གཅིག་རྗེས་གཉིས་མཐུད་ངང་ཉོ་སྒྲུབ་བྱས་པ་རེད། “ཏང་ཀྲི་པུའུ་+གྲོང་ཚོའི་མཉམ་སྡེབ+ཞིང་དུད”ཀྱི་གཉེར་སྐྱོང་བྱེད་སྟངས་ལས་ཧྲི་ཅ་ཡིང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་གསོན་ཤུགས་གསར་པ་རྒྱས་ཡོད།
ཧོ་ཝུན་ཨན་གྱིས། 2023ལོའི་ཟླ་9པར་ཚོད་ལྟའི་གཉེར་སྐྱོང་བྱས་ཚུན། ཧྲི་ཅ་ཡིང་གྱོན་ཆས་བཟོ་གྲྭས་ཆུས་ཡོངས་ཀྱི་བུ་བཅོལ་ཁང་དང་དམའ་འབྲིང་རིམ་དང་མཐོ་འབྲིང་སློབ་གྲྭ་ནས་སློབ་གོས་3000ལྷག་ཙམ་གྱི་མངགས་ཐོ་རྩིས་ལེན་པ་རེད། ཐོན་སྐྱེད་སྒྲུབ་རིམ་གཉིས་མཉམ་དུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། བེད་མེད་དུ་ལུས་པའི་ཁང་པ་སྨི་ངོས་གྲུ་500ཙམ་བེད་སྤྱད་པ་མ་ཟད་བུད་མེད་མང་ཚོགས་40ལྷག་ཙམ་ལས་ཀ་བསྡུས་པས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས།
འདི་ལོ་ཧྲི་ཅ་ཡིང་གྲོང་ཚོའི་བུད་མེད་མི་ཉུང་བ་ཞིག“ཁྱིམ་གྱི་སྒོ་འགྲམ་དུ”འཚེམ་བཟོ་བར་གྱུར་ཡོད། གྲོང་ཚོའི་བུད་མེད་ཚང་མར་འཚེམ་བཟོའི་རྨང་གཞི་ངེས་ཅན་ཞིག་ཡོད་པ་མ་ཟད། ལས་གྲབས་སྦྱོང་བརྡར་དང་དངོས་སྦྱོང་ནན་པོ་བྱས་པ་བརྒྱུད། དུས་ཡུན་ཐུང་ངུའི་ནང་འཚེམ་བཟོའི་སྒྲིག་ཆས་བཀོལ་སྤྱོད་བྱང་ཆུབ་པར་གྱུར། “ང་ཚོས་ད་དུང་རོགས་ཁྲིད་ལམ་སྲོལ་དང་བྱ་དགའི་ལམ་སྲོལ་བཟོས་པས་བཟོ་པའི་ཧུར་བརྩོན་རང་བཞིན་ཧ་ཅང་ཆེན་པོ་ཡོད། ས་གནས་དེ་གའི་སློབ་གྲྭའི་སློབ་གོས་ཀྱི་མངགས་ཐོ་ཕུད་ད་ལོ་ང་ཚོར་ད་དུང་ས་གནས་གཞན་གྱི་ལས་གོས་ཀྱི་མངགས་ཐོའང་འབྱོར་བྱུང”ཅེས་ཧོ་ཝུན་ཨན་གྱིས་བཤད་བྱུང་།
(ལྷག་ཚེ་དང་པ་ཕན་གྱིས་སྒྱུར་ཞུས་བྱས)