དབོར་འདྲེན་འཁོར་རིགས་དང་འདྲུད་འཐེན་འཁོར་རིགས་ཕར་འགྲོ་ཚུར་འོང་བྱེད་པ་དང་ཆབས་ཅིག དབོར་འདྲེན་བཟོ་པ་བཅུ་གྲངས་ཀྱིས་གོ་རིམ་ལྡན་པའི་སྒོ་ནས་དངོས་ཟོག་འདོན་འཇུག་བྱེད་བཞིན་ཡོད། འདི་ལོའི“ལྔ་གཅིག”རིང་ལྷ་ས་གོང་དཀར་གནམ་ཐང་གི་ཟོག་འདྲེན་ས་ཚིགས་སུ་ལས་བྲེལ་ཤིན་ཏུ་ཆེ། བོད་ལྗོངས་གནམ་ཐང་ཚོགས་པའི་ཟོག་འདྲེན་པུའི་ཅིང་ལི་བསྟན་འཛིན་དབང་མོས་ཚེས་1ཉིན་ཁོ་ནར་ལྷ་ས་གོང་དཀར་གནམ་ཐང་གི་དངོས་ཟོག་དང་སྦྲག་ཐོག་བསྐུར་མ་སྐྱེལ་འདྲེན་བྱེད་ཚད་ཏུན་90ཟིན་འདུག་ཅེས་ངོ་སྤྲོད་བྱས།
ཉེ་བའི་ལོ་ཤས་རིང་ལྷ་ས་གོང་དཀར་གནམ་ཐང་གི་དངོས་ཟོག་དང་སྦྲག་ཐོག་བསྐུར་མ་སྐྱེལ་འདྲེན་བྱེད་ཚད་རྒྱུན་མཐུད་འཕར་ཞིང་། འདི་ལོའི་ཟླ་དང་པོ་ནས་བཞི་པའི་བར་མཁའ་འགྲུལ་གྱི་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་1ལས་བརྒལ་བ་དེ་ལོ་གོང་མའི་དུས་མཚུངས་ལས་13%འཕར་ཡོད། བསྟན་འཛིན་དབང་མོས་སྔོ་ཚལ་དང་ཆུའི་ཐོན་རྫས་གསོན་པ་སོགས་གནམ་ཐང་དུ་སྐྱེལ་འདྲེན་བྱེད་ཚད་ཇེ་མང་དུ་འགྲོ་བ་དང་ལྷག་པར་དུ“ལྔ་གཅིག”གུང་གསེང་གོང་དུ་ཚོང་པ་ཆེ་གྲས་ཁག་གིས་དངོས་ཟོག་གྲ་སྒྲིག་ཧུར་ཐག་བྱས་པས་འདྲེན་དངོས་ཁྲོད་དུ་སྔོ་ཚལ་དང་ཆུའི་ཐོན་རྫས་གསོན་པ་ཡིས་30%ཡན་བཟུང་གི་འདུག་ཅེས་ངོ་སྤྲོད་བྱས།
ཕྱིར་གཏོང་ཐད་བོད་ལྗོངས་གནམ་ཐང་ཚོགས་པའི་ཟོག་འདྲེན་པུས་མཁའ་འགྲུལ་ཀུང་སི་ཆེ་གྲས་ཁག་དང་འབྲེལ་གཏུག་མཉམ་ལས་ཧུར་ཐག་བྱས་ཏེ། ས་མཐོའི་ཞིང་ལས་ཁྱད་ལྡན་ཐོན་རྫས་ལ་ཐུམ་སྒྲིལ་རྒྱག་སྟངས་ལེགས་གཏོང་གི་ཞབས་འདེགས་ཞུས་ཤིང་། མིག་སྔར་བོད་ཀྱི་དབྱར་རྩྭ་དགུན་འབུ་སོས་པ་རིམ་བཞིན་ཁྲོམ་རར་འདོན་གྱི་ཡོད། བོད་ལྗོངས་གནམ་ཐང་ཚོགས་པའི་ཟོག་འདྲེན་པུས་དབྱར་རྩྭ་དགུན་འབུ་དང་བེ་ཤ་སོགས་ཁྱད་ལྡན་ཐོན་རྫས་བོད་ནས་ཕྱིར་གཏོང་ཐུབ་པའི་འགན་ལེན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས“བོད་ཀྱི་ཐོན་རྫས་ཕྱིར་གཏོང་བར”རམ་འདེགས་གང་ཐུབ་བྱེད་ཀྱི་ཡོད།
ཧྲུན་ཧྥུང་མྱུར་སྐྱེལ་ལྷ་ས་དབྱེ་གསེས་ལྟེ་གནས་སུ་རང་འགུལ་ཅན་གྱི་དབྱེ་གསེས་འཕྲུལ་ཆས་རྒྱུན་ཆད་མེད་པར་འཁོར་ཞིང་། ཧྲུན་ཧྥུང་མྱུར་སྐྱེལ་ལྷ་ས་དབྱེ་གསེས་ལྟེ་གནས་ཀྱི་འགན་འཁུར་བ་ཡུས་ཤང་རུང་གིས་ཉེ་ཆར་དབྱེ་གསེས་ལྟེ་གནས་ཀྱིས་ཉིན་རེར་ཆ་སྙོམས་བྱས་ན་མྱུར་སྐྱེལ་དངོས་ཟོག་དབྱེ་གསེས་བྱེད་ཚད་ཁྲི་3ཡན་ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་10%འཕར་འདུག་ཅེས་ངོ་སྤྲོད་བྱས། བོད་ལྗོངས་ཧྲུན་ཧྥུང་མྱུར་སྐྱེལ་ཚད་ཡོད་ཀུང་སིས་བོད་ལྗོངས་གནམ་ཐང་ཚོགས་པའི་དངོས་ཟོག་གཏོང་འདྲེན་པུའུ་དང་མཉམ་ལས་གྲོས་མཐུན་བཞག་ནས་ཐུན་མོང་ཐོག་མཁའ་ལམ་སྤུས་ལེགས་གཏོད་བཞིན་ཡོད། ཉིན་ལྟར་ཐོ་རེངས་ཀྱི་ཆུ་ཚོད་བཞི་པ་ཡས་མས་ལ་ལྷ་ས་གོང་དཀར་གནམ་ཐང་གི་ཟོག་འདྲེན་ས་ཚིགས་ཀྱི་སྐྱེལ་འདྲེན་རླངས་འཁོར་ཧྲུན་ཧྥུང་མྱུར་སྐྱེལ་ལྷ་ས་དབྱེ་གསེས་ལྟེ་གནས་སུ་དངོས་ཟོག་བླུགས་པར་ཡོང་ནས་ཞོགས་པའི་དུས་གཏན་གནམ་གྲུའི་རྗེས་ཟིན་པ་བྱས་ཏེ་དངོས་ཟོག་བོད་ནས་དབོར་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད།
ཀྲུང་ཐུང་མྱུར་སྐྱེལ་བར་སྐོར་ཡན་ལག་པུའུ་ལ་མཚོན་ན། ཉིན་ལྟར་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་པ་ཡས་མས་ནི་ལས་བྲེལ་ཆེ་ཤོས་ཀྱི་དུས་ཤིག་རེད། ས་ཚིགས་ཀྱི་འགན་འཁུར་བ་ཡུས་ཁྲེང་ཁའེ་ཡིས“ལྔ་གཅིག”རིང་ས་ཚིགས་ཀྱིས་ཉིན་ལྟར་མྱུར་སྐྱེལ་དངོས་ཟོག་བསྡུ་ལེན་བྱེད་ཚད་200ཟིན་པའི་ནང་ནས་མང་ཆེ་བ་ནི་ཉེ་འཁོར་གྱི་ཁྲོམ་རའི་ཡུལ་སྐོར་དྲན་རྟེན་དངོས་པོ་ཤ་སྟག་རེད་འདུག་ཅེས་ངོ་སྤྲོད་བྱས།
བར་སྐོར་ནི་ལྷ་སར་ཡུལ་སྐོར་དུ་ཡོང་སྐབས་སྐྱོད་དགོས་ངེས་ཡིན་པའི་གནས་ཤིག་རེད། ཀྲུང་ཐུང་མྱུར་སྐྱེལ་བོད་ལྗོངས་ཡན་ལག་ཀུང་སིའི་དྲ་རྒྱ་དོ་དམ་པུའི་འགན་འཁུར་བ་ལི་པིན་གྱིས་ཀྲུང་ཐུང་མྱུར་སྐྱེལ་བར་སྐོར་ཡན་ལག་པུའུ་ལ་མཇུག་མཐའི་ས་ཚིགས་4ཡོད། འདི་ལོ་ཚུན་དུ་ཡན་ལག་པུའུ་ཁག་གཅིག་གི་ཉིན་རེར་མྱུར་སྐྱེལ་དངོས་ཟོག་བསྡུ་ལེན་བྱེད་ཚད་ཆིག་སྟོང་ལྷག་ཙམ་ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་35%འཕར་འདུག བོད་ཀྱི་མྱུར་སྐྱེལ་ཁྲོམ་རར་གསོན་ཤུགས་ཧ་ཅང་ཆེན་པོ་འདུག ཀུང་སིས་མུ་མཐུད་ཞབས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ཁྱབ་རྒྱ་ཆེ་རུ་གཏོང་གི་ཡིན་ཞེས་བཤད། (སྤེན་ཚེས་བསྒྱུར། སྤེན་ཚེ་དང་དབང་སྒྲོན་སྐྱིད་ཀྱིས་ཞུས)