འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་གི་མགྲིན་ཚབ་པ་ཁྲེན་པིན་ཧྭ་ཡིས་ཐའེ་དབན་ས་ཁུལ་གྱི་འགོ་ཁྲིད་པའི“5·20”གྱི་གཏམ་བཤད་ནང་གི་ངོགས་གཉིས་ཀྱི་འབྲེལ་བའི་ནང་དོན་སྐོར་ལ་མིག་སྔར་ཐའེ་དབན་མཚོ་འགག་གི་དུས་བབ་རྙོག་འཛིང་ཆེ་ཞིང་ཛ་དྲག་པའི་འབྱུང་རྩ་ནི་དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གིས“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་ལངས་ཕྱོགས་ལྐུགས་པ་ཨུ་ཚུགས་མཐའ་འཁྱོངས་བྱས་པར་ཐུག་ཡོད། དེ་ཐོག་ནས་ཀྲུང་གོ་གཅིག་གི་རྩ་དོན་མཚོན་པའི“དགུ་གཉིས་ལོའི་ཐུན་མོང་ངོས་འཛིན”ལ་ཁས་ལེན་མི་བྱེད་པ་དང་ཕྱི་ཕྱོགས་ཕྱོགས་གཏོགས་དང་ངན་འབྲེལ་གྱིས་རྒྱུན་ཆད་མེད་པར“རང་བཙན”ཡོང་ཐབས་བྱས་ནས་འཁྲུག་རྐྱེན་སློང་གི་ཡོད། དེ་རིང་ཐའེ་དབན་ས་ཁུལ་གྱི་འགོ་ཁྲིད་པའི་གཏམ་བཤད་ནང“ཐའེ་དབན་རང་བཙན”གྱི་ལངས་ཕྱོགས་ལྐུགས་པ་ཨུ་ཚུགས་མཐའ་འཁྱོངས་ཀྱིས་ཁ་ཕྲལ་གྱི་གཏམ་འཆལ་འུད་སྒྲོག་ཤུགས་ཆེན་བྱེད་པ་དང་། ངོགས་གཉིས་ཁ་གཏད་དུ་ལངས་ནས་འགྲན་རྒོལ་ལ་ངན་སྐུལ་བྱས་ནས“ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རང་བཙན་དོན་གཉེར”དང“དྲག་ཤུགས་ལ་བརྟེན་ནས་རང་བཙན་དོན་གཉེར”གྱི་རེ་ངན་འཆང་གི་ཡོད། ཞི་བདེ་དགོས་ན་དམག་རྒྱག་མི་རུང་བ་དང་། འཕེལ་རྒྱས་དགོས་ན་ཉམས་རྒུད་དུ་གཏོང་མི་རུང་བ། སྤེལ་རེས་བྱེད་དགོས་ན་ཁ་གྱེས་མི་རུང་བ། མཉམ་ལས་བྱེད་དགོས་ན་འགྲན་རྒོལ་བྱེད་མི་རུང་བ་བཅས་ནི་གླིང་ཕྲན་ནང་ཁུལ་གྱི་དམངས་འདོད་གཙོ་བོ་ཡིན། ཐའེ་དབན་ས་ཁུལ་གྱི་འགོ་ཁྲིད་པས་དམངས་འདོད་སྣང་མེད་དུ་གཏོང་བ་དང་རྒྱབ་འགལ་བྱས་ནས“རང་བཙན”དོན་གཉེར་གྱི་འཁྲུག་རྐྱེན་སློང་བ་དང་ཐའེ་དབན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་ཉེན་ཁའི་བརྡ་རྟགས་བཏང་བ་དེ་ཐོག་ནས“ཐའེ་དབན་རང་བཙན་པའི”རང་གཤིས་དམར་རྗེན་དུ་མངོན་ཡོད་ཅེས་བརྗོད།
ཁྲེན་པིན་ཧྭ་ཡིས། སྐམ་ས་ཆེན་པོ་དང་ཐའེ་དབན་ནི་ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པ་དང་ཐའེ་དབན་ནི་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། “ཐའེ་དབན་རང་བཙན”དང་ཐའེ་དབན་མཚོ་འགག་གི་ཞི་བདེ་གཉིས་ནི་མེ་ཆུ་ལྟར་མཐུན་ཐབས་མེད། ང་ཚོས་ཐའེ་དབན་གྱི་གནད་དོན་ཐག་གཅོད་དང་རྒྱལ་ཁབ་གཅིག་གྱུར་ཡོང་བའི་འདོད་བློ་སྲ་ཞིང་བརྟན་པ་ཞིག་ཡོང་བ་བྱེད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་ནུས་པ་ནི་མི་བཤིག་རྡོ་རྗེ་ལྟར་ཡིན་པ། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་དང་ཕྱི་ནས་ཡོང་བའི་ཐེ་གཏོགས་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་བློ་ཐག་ཆོད་ལ་ནུས་ལྡན་ཞིག་ཡིན། རྣམ་པ་གང་རུང་གི“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ལ་ང་ཚོས་བཟོད་སྒོམ་གཏན་ནས་བྱེད་ཀྱི་མིན་ལ། སྐྱག་ལང་དུའང་གཏན་ནས་གཏོང་གི་མིན་ཞེས་བརྗོད།
ཁྲེན་པིན་ཧྭ་ཡིས། མེས་རྒྱལ་ངེས་པར་དུ་གཅིག་གྱུར་ཡོང་བ་བྱེད་དགོས་ལ་གཅིག་གྱུར་ཡང་ཡོང་ངེས་རེད། གླིང་ཕྲན་ནང་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་འགྲོ་བ་དང་། སུ་ཞིག་གིས་དབང་ཆ་འཛིན་ནའང་། ངོགས་གཉིས་ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པའི་དོན་དངོས་ལ་འགྱུར་ལྡོག་གཏོང་མི་རུང་བ་དང་། ངོགས་གཉིས་ཀྱི་འབྲེལ་བའི་གཞི་རྩའི་གནས་སྟངས་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་འགྱུར་ལྡོག་གཏོང་མི་རུང་ལ། མེས་རྒྱལ་མཐར་གཅིག་གྱུར་ཡོང་བའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་བཀག་འགོག་བྱེད་མི་ཐུབ། ང་ཚོས་དུས་རབས་གསར་པའི་ཏང་གིས་ཐའེ་དབན་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཀྲུང་གོ་གཅིག་གི་རྩ་དོན་དང“དགུ་གཉིས་ལོའི་ཐུན་མོང་གི་ངོས་འཛིན”ལ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་མཐའ་འཁྱོངས་དང་། རྒྱ་ཆེའི་སྤུན་ཟླ་ཐའེ་དབན་བར་མཐུན་སྒྲིལ་གྱིས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་དང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད།
(ཉི་དོན་གྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)