འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཨ་སི་ཐ་ན་ནས་ཟླ་5ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་ཨ་སི་ཐ་ནར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཕྱི་འབྲེལ་པུའི་པུའུ་ཀྲང་གི་ཚོགས་འདུར་ཞུགས་རིང་། ཐའེ་དབན་ས་ཁུལ་གྱི“5·20ལས་འགན་འཁུར་བའི་མཛད་སྒོ”ཡི་སྐོར་ལ་ཀྲུང་གོ་ཕྱོགས་ཀྱི་དྲང་ནན་གྱི་ལངས་ཕྱོགས་གསལ་བཤད་གནང་ཞིང་། ཁོང་གིས་ཀྲུང་གོ་གཅིག་གི་རྩ་དོན་ནི་ཐའེ་དབན་མཚོ་འགག་གི་ཞི་བདེར་སྲུང་སྐྱོང་བྱེད་པའི་མཚོ་རྟེན་ཀ་བ་ལྟ་བུ་རེད་ཅེས་ནན་བཤད་གནང་བ་རེད།
ཝང་དབྱིས་ཀྲུང་གོ་གཅིག་གི་རྩ་དོན་དང་འགལ་མི་རུང་། འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་ཐའེ་དབན་ནི་ཀྲུང་གོའི་ཆ་ཤས་ཡིན་པ་ལོ་རྒྱུས་དང་ཁྲིམས་གཞིའི་དོན་དངོས་ཤིག་རེད། ཐའེ་དབན་གླིང་ཕྲན་ནང་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་དོན་དངོས་འདིར་འགྱུར་བ་འགྲོ་མི་སྲིད། ཉེ་ཆར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཚུད་པའི་རྒྱལ་ཁབ་མང་པོའི་སྲིད་ཕྱོགས་མི་སྣ་གལ་ཆེན་དང་ལས་རིགས་ཁག་གི་མི་སྣ་མང་པོས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པའི་དྲང་བདེན་གྱི་འབོད་སྒྲ་ཡང་ཡང་བསྒྲགས་ཏེ། ཀྲུང་གོ་ཕྱོགས་ཀྱིས“རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་དྲང་བདེན་གྱི་བྱ་གཞག་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཡོད། དེ་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་པའི་གཞི་རྩའི་ཆགས་སྟངས་ལ་གཡོ་འགུལ་གཏོང་མི་རུང་བ་སླར་ཡང་གསལ་བཤད་ཐུབ་ཀྱི་ཡོད། མི་སུ་འདྲ་ཞིག་ཡིན་རུང་ཀྲུང་གོ་གཅིག་གི་རྩ་དོན་ལ་འགྲན་སློང་གི་རེ་ངན་འཆང་ན་ཕམ་ཉེས་འགྲོ་རྒྱུ་ལས་མ་འདས། ཁོ་ཚོས་བྱེད་སྤྱོད་དེ་རིགས་སྤེལ་རིམ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་གཅིག་གི་ཐུན་མོང་གི་ངོས་འཛིན་མཐའ་འཁྱོངས་བྱེད་སེམས་སྔར་ལས་བརྟན་དུ་འགྲོ་རྒྱུ་དང་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་བསམ་ཤེས་དང་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་འགྲོ་རྒྱུ་རེད། དེ་ནི་བདེན་དོན་ཡོད་ན་རོགས་པ་མང་། བདེན་པ་མེད་ན་རོགས་པ་དཀོན་པའི་གནས་ལུགས་ཡིན་ཞེས་བསྟན་གནང་བ་རེད།
“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་དོན་ཐོག་ཏུ་འཁྱོལ་མི་སྲིད། 1943ལོའི《ཁེ་རོའི་བསྒྲགས་གཏམ》དང་1945ལོའི《པོ་ཚི་ཐན་གྱི་སྤྱི་བསྒྲགས》ནང་རི་པིན་གྱིས་ཧམ་བཟུང་བྱས་པའི་ཀྲུང་གོའི་མངའ་ཁོངས་ས་ཆ་སྟེ་ཐའེ་དབན་ཀྲུང་གོར་ཕྱིར་སྤྲོད་བྱེད་དགོས་པའི་གཏན་འབེབས་ཁ་གསལ་བྱས་ཡོད། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ནུས་པ་ལྡན་པའི་ཡིག་ཆ་དེ་དག་ནི་དམག་འཁྲུག་རྗེས་ཀྱི་སྒྲིག་ལམ་གྱི་གྲུབ་ཆ་རེད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་དྲན་ཤེས་ཀྱང་རེད། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་དེས་རྒྱལ་སྤྱིའི་སྒྲིག་ལམ་ལ་འགྲན་སློང་ཚབས་ཆེ་ཤོས་བྱས་པ་དང་། ཐའེ་དབན་མཚོ་འགག་གི་ད་ལྟའི་གནས་ཚུལ་ལ་ཉེན་ཁ་ཆེ་ཤོས་ཀྱི་འགྱུར་ལྡོག་གཏོང་བ་ཞིག་རེད་ལ། ཐའེ་དབན་མཚོ་འགག་གི་ཞི་བདེར་གཏོར་བཤིག་ཚབས་ཆེ་ཤོས་བཏང་བའང་རེད། ཀྲུང་གོ་གཅིག་གི་རྩ་དོན་ནི་ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་རྨང་གཞི་དང་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། ཐའེ་དབན་མཚོ་འགག་གི་ཞི་བདེར་སྲུང་སྐྱོང་བྱེད་པའི་མཚོ་རྟེན་ཀ་བ་ལྟ་བུའང་རེད།
ཀྲུང་གོ་གཅིག་གྱུར་གྱི་འཕེལ་ཕྱོགས་ཆེན་པོར་ལྡོག་ཐབས་མེད། ཀྲུང་ཧྭ་མི་རིགས་ལ་རྒྱལ་ཁབ་ས་ཆ་ཁ་ཕྲལ་གཏོང་མི་རུང་བ་དང་། རྒྱལ་ཁབ་ཟང་ཟིང་བཟོ་མི་རུང་བ། མི་རིགས་ཁ་ཐོར་གཏོང་མི་རུང་བ། ཤེས་དཔལ་སྲོལ་རྒྱུན་མི་ཆད་པ་བཅས་ཀྱི་ཐུན་མོང་གི་དད་སེམས་ལྡན་ཡོད། དེ་ནི་ཀྲུང་གོ་འདི་ཉིད་མཐར་གཅིག་གྱུར་ཡོང་བ་དང་གཅིག་གྱུར་ཡོང་ངེས་ཡིན་པའི་ལོ་རྒྱུས་ཀྱི་ལྡོག་མེད་དང་ནང་གནས་ཀྱི་གཏན་ཚིགས་ཤིག་རེད། ཐའེ་དབན་གྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཡིན། རྒྱལ་ཁབ་རྦད་དེ་གཅིག་གྱུར་ཡོང་བ་བྱེད་རྒྱུ་ནི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་གཅིག་མཐུན་རེ་བ་ཡིན་ལ། སྟོབས་ཤུགས་གང་ཞིག་ཡིན་རུང་བཀག་འགོག་བྱེད་ཐབས་བྲལ་བའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོའང་རེད།
(སྤེན་ཚེས་བསྒྱུར། སྤེན་ཚེ་དང་དབང་སྒྲོན་སྐྱིད་ཀྱིས་ཞུས)