《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月23日

ཕྱི་འབྲེལ་པུས་བསྟན་དོན།

ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ངོས་འཛིན་གཅིག་མཐུན་ཡིན།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་དྲི་བར་ལན་རྒྱག་སྐབས། ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ངོས་འཛིན་གཅིག་མཐུན་ཡིན་ལ། བདེན་དོན་གནས་ས་དང་མི་སེམས་གཏད་ཕྱོགས་ཤིག་ཀྱང་རེད། ཐའེ་དབན་གླིང་ཕྲན་གྱི་ནང་སྲིད་གནས་ཚུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ངོགས་གཉིས་ནི་ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པའི་ལོ་རྒྱུས་དང་ཁྲིམས་གཞིའི་དོན་དངོས་ལ་འགྱུར་ལྡོག་གཏོང་མི་ཐུབ་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པའི་གཞི་རྩའི་གནས་བབ་ལ་འགྱུར་ལྡོག་གཏོང་མི་ཐུབ་ལ། ཀྲུང་གོ་མཐར་གཅིག་གྱུར་ཡོང་བ་དང་གཅིག་གྱུར་ཡོང་ངེས་ཡིན་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་དེ་བས་ཀྱང་འགྱུར་ལྡོག་གཏོང་མི་ཐུབ་ཅེས་བརྗོད།

གསར་འགོད་པ་ཞིག་གིས། ཉེ་དུས་རྒྱལ་ཁབ་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་སྲིད་ཕྱོགས་མི་སྣ་གལ་ཆེན། ལས་རིགས་ཁག་གི་གྲོགས་པོ་བཅས་མང་པོ་ཞིག་གིས་མཛའ་གྲོགས་སྤེལ་རེས་བྱེད་སྒོར་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་ཀྱིས་ཀྲུང་གོས་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་དང་། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་ལ་ངོ་རྒོལ་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱེད་ཀྱི་ཡིན་ཞེས་བཤད་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

དབང་ཝུན་པིན་གྱིས། ཉེ་ཆར། ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་ཀྱི་སྲིད་ཕྱོགས་མི་སྣ་གལ་ཆེན་དང་། སྲིད་ཏང་། ལས་རིགས་ཁག་གི་མཛའ་གྲོགས་མི་སྣ། འཛམ་གླིང་གི་རྒྱལ་སྤྱིའི་རྩ་འཛུགས་གཙོ་བོའི་འགན་འཁུར་བ་བཅས་མང་པོ་ཞིག་ཀྲུང་གོ་ཕྱོགས་ཀྱིས་གཉེར་བའི་མཛའ་གྲོགས་སྤེལ་རེས་བྱེད་སྒོར་ཞུགས་ནས་ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པའི་ལོ་རྒྱུས་ལ་བསྐྱར་དྲན་བྱས་པ་དང་། ཀྲུང་གོ་དང་མཉམ་ལས་བྱས་པའི་གྲུབ་འབྲས་ལ་ཕྱིར་ལྟ་བྱས་པ། ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་པོ་བྱེད་པའི་དྲང་བདེན་གྱི་སྐད་ཆ་བཤད་པ་བཅས་ལས། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་ལ་ངོ་རྒོལ་དང་ཕྱི་ཕྱོགས་ཕྱོགས་གཏོགས་ཀྱིས་ཐའེ་དབན་གྱི་གནད་དོན་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱེད་པའི་ལངས་ཕྱོགས་བརྟན་པོ་མངོན་ཡོད་ཅེས་བརྗོད།

དབང་ཝུན་པིན་གྱིས། ཀྲུང་གོ་གཅིག་གི་རྩ་དོན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ངོས་འཛིན་གཅིག་མཐུན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ཞིག་ཡིན་ལ། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་རྨང་གཞི་དང་སྔོན་འགྲོའི་ཆ་རྐྱེན་ཞིག་ཀྱང་རེད། ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ངོས་འཛིན་གཅིག་མཐུན་ཡིན་ལ། བདེན་དོན་གནས་ས་དང་མི་སེམས་གཏད་ཕྱོགས་ཤིག་ཡིན་པ་སླར་ཡང་དོན་དངོས་ཐོག་ནས་ར་སྤྲོད་བྱས་ཡོད། འཛམ་གླིང་ཐོག་གི་རྒྱལ་ཁབ་དང་། རྒྱལ་སྤྱི། ས་ཁུལ་གྱི་རྩ་འཛུགས་བཅས་མང་ཆེ་བས་ཀྲུང་གོ་སྲིད་གཞུང་དང་མི་དམངས་དང་བློ་བརྟན་འགྱུར་མེད་ངང་མཉམ་དུ་ལངས་ནས། ཀྲུང་གོ་ཕྱོགས་ཀྱི“རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་དྲང་བདེན་བྱ་གཞག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བརྗོད།

“ངས་ནན་བཤད་བྱེད་དགོས་པ་ཞིག་ནི་འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་། ཐའེ་དབན་ནི་ཀྲུང་གོའི་མངའ་ཁོངས་ནས་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་པའི་ཁྲིམས་མཐུན་གྱི་སྲིད་གཞུང་གཅིག་པུ་དེ་རེད། ཐའེ་དབན་གླིང་ཕྲན་གྱི་ནང་སྲིད་གནས་ཚུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ངོགས་གཉིས་ནི་ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པའི་ལོ་རྒྱུས་དང་ཁྲིམས་གཞིའི་དོན་དངོས་ལ་འགྱུར་ལྡོག་གཏོང་མི་ཐུབ་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པའི་གཞི་རྩའི་གནས་བབ་ལ་འགྱུར་ལྡོག་གཏོང་མི་ཐུབ་ལ། ཀྲུང་གོ་མཐར་གཅིག་གྱུར་ཡོང་བ་དང་གཅིག་གྱུར་ཡོང་ངེས་ཡིན་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་དེ་བས་ཀྱང་འགྱུར་ལྡོག་གཏོང་མི་ཐུབ”ཅེས་དབང་ཝུན་པིན་གྱིས་བརྗོད།

(ཉི་དོན་གྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)