འདི་ག་ཚགས་པར་ཁང་དུ་ཀྲུའུ་ཧའེ་ནས་ཟླ་5ཚེས་21ཉིན་གློག་འཕྲིན་འབྱོར་གསལ། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས། འདི་ལོ་ཚུན་དུ། ཀང་ཀྲུའུ་ཨའོ་ཟམ་ཆེན་ནས་འཛུལ་སྒྲོལ་བྱེད་མཁན་ཡུལ་སྐོར་བ་རྒྱུན་མཐུད་མགྱོགས་མྱུར་འཕར་ཡོད། ཀྲུའུ་ཧའེ་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀང་ཀྲུའུ་ཨའོ་ཟམ་ཆེན་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། འདི་ལོའི་ཟླ་1ཚེས་1ཉིན་ནས་ཟླ་5ཚེས་21ཉིན་གྱི་ཆུ་ཚོད་9དང་སྐར་མ་40བར་ཀང་ཀྲུའུ་ཨའོ་ཟམ་ཆེན་ཀྲུའུ་ཧའེ་གཞུང་ལམ་འགག་སྒོ་ནས་འཛུལ་སྒྲོལ་བྱེད་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་1000བརྒལ་ནས་དུས་མཚུངས་ལས་127.7%འཕར་ཞིང་། ན་ནིང་དང་བསྡུར་ན། ཟླ་བ་བཞི་སྔ་སྣུར་དུ་འགྲུལ་རྒྱུན་མི་ཐེངས་ཁྲི་1000ལས་བརྒལ་ཡོད་པ་རེད།
རྒྱུན་མཐུད་འཕར་བའི་པེ་ཅིང་དང་ཧྲང་ཧའེ་དང་། ཀང་ཨའོ་ས་ཁུལ་གྱི་ཡུལ་སྐོར་བ་འགག་སྒོའི་འགྲུལ་རྒྱུན་མགྱོགས་མྱུར་འཕར་བའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད། འདི་ལོ་ཚུན་དུ། འགག་སྒོ་ནས་འཛུལ་སྒྲོལ་བྱེད་མཁན་ཀང་ཨའོ་ས་ཁུལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་602.5ཟིན་ནས་དུས་མཚུངས་ལས་126.3%འཕར་བ་དེས་འགག་སྒོའི་འགྲུལ་རྒྱུན་བསྡོམས་འབོར་གྱི་60.4%བཟུང་ཡོད། དེ་བཞིན་ནང་ས་ནས་ཀང་ཨའོ་ཁུལ་ལ་ཡུལ་སྐོར་དུ་འགྲོ་མཁན་ཡང་ཧ་ཅང་མང་པོ་ཡོད། ཀང་ཨའོ་ཡི་ཡུལ་སྐོར་གསལ་མཆན་ཁྱེར་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་ནང་སའི་ཡུལ་སྐོར་བ་མི་ཐེངས་ཁྲི་190ལྷག་ཙམ་ཟིན་ནས་དུས་མཚུངས་ལས་130%འཕར་ཡོད་པ་རེད།
གཟའ་མཇུག་དང་དུས་ཆེན་དང་གུང་གསེང་རིང་། འགག་སྒོའི་ཉིན་རེའི་འགྲུལ་རྒྱུན་མི་ཐེངས་ཁྲི་6.1དང་འཁོར་རྒྱུན་ཐེངས་ཁྲི་1.61ཟིན་ནས་དུས་རྒྱུན་དང་བསྡུར་ན་ལྡབ་1.5དང་ལྡབ་1.3སོ་སོར་ཟིན་པ་དང་། ཉིན་རེའི་འགྲུལ་རྒྱུན་མང་ཤོས་མི་ཐེངས་ཁྲི་14.4དང་འཁོར་རྒྱུན་མང་ཤོས་ཐེངས་ཁྲི་1.95ཟིན་ཡོད་པ་རེད།
རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱི་རྒྱལ་ཁོངས་ཕྱིའི་མི་ཀྲུང་གོར་ཡོང་བར་སྟབས་བདེ་སྐྲུན་པའི་བྱེད་ཐབས་ཁག་5ལག་བསྟར་བྱས་པ་དང་དེ་བཞིན་ཐོངས་མཆན་མི་དགོས་པའི་རྒྱལ་ཁབ་ཀྱི་ཁྱབ་ཁོངས་ཆེ་རུ་བཏང་བ་དང་བསྟུན། འདི་ལོ་ཚུན་དུ། རྒྱལ་ཁོངས་ཕྱིའི་ཡུལ་སྐོར་བ་མི་ཐེངས་ཁྲི་15.8ལྷག་ཙམ་ཀང་ཀྲུའུ་ཨའོ་ཟམ་ཆེན་བརྒྱུད་ནང་སར་འགྲོ་འོང་བྱས་ནས་ཚོང་དོན་སྤེལ་རེས་དང་ཡུལ་སྐོར་ལྟ་སྐོར་སོགས་བྱེད་ཚད་དུས་མཚུངས་ལས་412.6%འཕར་ཡོད་པ་རེད།
(དམ་ཆོས་མི་ཕམ་གྱིས་བསྒྱུར། བསྟན་འཛིན་བཟང་མོས་ཞུས)