《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月22日

དམངས་གཙོའི་བཅོས་སྒྱུར་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བར།

ཞུས་ཧྲོང་།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང“ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་ཀྱི་དམིགས་ཚད་མངོན་འགྱུར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་ཡིན”ཞེས་བཏོན་ཡོད། མཐའ་མཚམས་མི་རིགས་ས་ཁུལ་གལ་ཆེན་ཞིག་ཡིན་པའི་བོད་ལྗོངས་འདི་ཉིད་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག དམངས་གཙོའི་བཅོས་སྒྱུར་ནས་འགོ་བཙུགས་ཏེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་བཅས་ལོ་རྒྱུས་ཀྱི་དུས་མཚམས་ཁག་བརྒྱུད་དེ་ཟིལ་རླབས་དགུང་འཕྱུར་གྱི་འཕེལ་རྒྱས་ལམ་བུར་བསྐྱོད་ཡོད། དུས་རབས་གསར་པར་སླེབས་སྐབས་བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་ངར་སེམས་ཆེར་སྐྱེད་ངང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བརྟན་པོ་བསྐྱོད་ཡོད། དེར་ཀྲུང་གོ་གུང་ཁྲན་ཏང་གིས་མཐའ་མཚམས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྨང་གཞི་བརྟན་དུ་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བཅས་བྱེད་པའི་ལག་ལེན་རླབས་པོ་ཆེ་དང་ཉམས་མྱོང་རྩ་ཆེན་བཅས་གཅིག་ཏུ་བསྡུས་ཡོད།

དམངས་གཙོའི་བཅོས་སྒྱུར་གྱིས་བོད་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་བགྲོད་ལམ་བཏོད་ཡོད། དེང་རབས་ཅན་ནི་ཉིན་གཅིག་ལ་བསྐྲུན་པ་ཞིག་མིན་ཞིང་། ལོ་65ཡི་གོང་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་པ་ལས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་གྱི་སྲིད་ལོ་གསར་པ་ཞིག་འགོ་ཚུགས།

1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱེད་འགོ་ཚུགས་ཤིང་། ཆབ་སྲིད་ཀྱི་ལམ་ལུགས་ཐད་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྱི་བོད་དུ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལག་ལེན་བསྟར་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་དགོས་ངེས་ཀྱི་ཆབ་སྲིད་ཀྱི་སྔོན་འགྲོའི་ཆ་རྐྱེན་བསྐྲུན་ཡོད། 1961ལོར་བོད་ཀྱི་ས་གནས་ཁག་ཏུ་ཡོངས་ཁྱབ་འདེམས་བསྐོ་བྱེད་འགོ་ཚུགས་ཤིང་། 1965ལོའི་ཟླ་9པར་བོད་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ཏེ་ད་ལྟའི་གངས་ལྗོངས་ས་མཐོར་བཞད་པའི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་མེ་ཏོག་ལ་ལམ་ལུགས་ཀྱི་ས་རྒྱུ་གཤིན་པོ་བཏིང་ཡོད།

ཐོན་སྐྱེད་ཀྱི་འབྲེལ་བའི་ཐད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྱི་བོད་དུ་ཞིང་བྲན་བདག་པོར་ས་ཞིང་དབང་བའི་ལམ་ལུགས་ནས་ཞིང་པར་ས་ཞིང་དབང་བའི་ལམ་ལུགས་སུ་བསྒྱུར་བས། ཐོན་སྐྱེད་འབྲེལ་བ་གསར་པས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་ཐེབས་ཡོད། བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན། 1960ལོར་བོད་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1959ལོ་ལས་45.8%འཕར་བ་དང་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་42.9%འཕར་བ་གཉིས་ཀ་སྐབས་དེའི་ལོ་རྒྱུས་ཀྱི་མཐོ་ཤོས་སུ་སླེབས་ནས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བར་མདུན་ལམ་ཡངས་པོ་ཞིག་བཏོད་ཡོད།

འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་པའི་ཐད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྱི་བོད་ཀྱིས་མི་དམངས་ཀྱི་ཁེ་དབང་ཁག་འགན་སྲུང་གང་ལེགས་བྱས་ནས་བོད་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ལ་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་བཏིང་བ་དང་བསམ་བློའི་སྒུལ་ཤུགས་འཛད་མཐའ་མེད་པར་སྤྲད་ཡོད། དམངས་གཙོའི་བཅོས་སྒྱུར་ལས་རྒྱ་ཆེའི་མི་དམངས་རྣམས་ལ་ཚེ་སྲོག་གསར་པ་ཐོབ་ནས་སོ་སོའི་ལས་དབང་གི་བདག་པོར་གྱུར་ཡོད། མི་རིགས་ཁག་གི་མི་དམངས་ལ་གྲལ་རིམ་དང་། ཕོ་མོ། སྐྱེ་ཁུངས་བཅས་ཀྱི་དབྱེ་བ་མེད་པར་སྤྱི་ཚོགས་སྒྱུར་བཅོས་ཀྱི་གྲུབ་འབྲས་འདྲ་མཉམ་ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་། སྔར་ན་མེད་པའི་རྒྱལ་གཅེས་ཀྱི་སྤྲོ་སེམས་དང་འཛུགས་སྐྲུན་གྱི་སྟོབས་ཤུགས་འཕེལ་ནས་བོད་ཀྱི་བྱ་གཞག་ཁག་རྒྱུན་ཆད་མེད་པར་གོང་འཕེལ་འགྲོ་བར་སྐུལ་འདེད་ཐེབས་ཡོད།

དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱིས་བོད་ཀྱི་དེང་རབས་ཅན་ལ་ཁྲིད་སྟོན་བྱེད་ཀྱི་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་བསྟུན་ནས་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་མི་དམངས་ཀྱིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་སྔར་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་བཞིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་འཚོགས་ནས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་མཛུབ་ཁྲིད་ཀྱི་བསམ་བློ་དང་། སྤྱིའི་བླང་བྱ། གཙོ་གནད་ལས་འགན་བཅས་ཁ་གསལ་བཏོན་པ་དེ་དག་ལས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཤིག་ཆགས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་འདོད་མངོན་འགྱུར། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བཅས་ལ་ཁ་ཕྱོགས་གསལ་པོ་བསྟན་ཡོད།

དེ་རིང་གི་བོད་འདི་ཉིད་ལོ་ངོ་སྟོང་ཕྲག་གི་དབུལ་པོ་དབུལ་ནག་གི་འཆིང་རྒྱ་ལས་རྦད་དེ་གྲོལ་བ་དང་། ས་བབ་མཐོ་བའི་ས་ཁུལ་གྱི་དཀའ་གནད་མང་པོ་ཞིག་བསལ་ཏེ་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་གཟི་བརྗིད་ལྡན་པའི་ལེའུ་བརྩམས་ཤིང་། 2019ལོའི་ལོ་མཇུག་བར་བོད་ཀྱི་རྫོང་དང་ཆུས་དབུལ་པོ་ཡོངས་དབུལ་སྒྲོལ་ཐུབ་ཡོད། 2023ལོར་བོད་ཀྱི་གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་28983ཟིན་པ་དང་། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་དམངས་གཙོའི་བཅོས་སྒྱུར་སྐབས་ཀྱི་ལོ་35.5ནས་ད་ཆའི་ལོ་72.19བར་རིང་དུ་ཕྱིན་ཡོད། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་གྲངས་གཞི་ལས་མངོན་པར། བོད་ཀྱི་མི་ཁྲི་10རེའི་ཁྲོད་སློབ་ཆེན་གྱི་རིག་གནས་ཆུ་ཚད་ལྡན་པའི་མི་ཁྲི་1.1ལས་བརྒལ་བ་དང་གསར་དུ་འཕར་བའི་ངལ་རྩོལ་ནུས་ཤུགས་མི་རེའི་ཆ་སྙོམས་སློབ་གསོ་ཐོབ་པའི་ལོ་ཚད་ལོ་13.1བར་མཐོ་རུ་ཕྱིན་པ་དང་། བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཉིན་བཞིན་བརྟན་དུ་ཕྱིན་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱུང་བ། དཔལ་འབྱོར་དང་། སྤྱི་ཚོགས། དམངས་འཚོ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བ་དེས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་བཅས་ལས་རི་ཀླུང་མཛེས་སྡུག་ལྡན་པ་དང་། དཔལ་འབྱོར་དར་རྒྱས་ཆེ་བ། དམངས་འཚོ་ཕུན་སུམ་ཚོགས་པ། ཆོས་ལུགས་ཞི་དུལ། མི་རིགས་མཐུན་སྒྲིལ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་གི་ཡང་རྩེར་འགྱིང་ངེར་ཆགས་ཡོད།

བོད་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་ལས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཁྲིད་སྟོན་མེད་ན་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ད་ལྟ་དང་མ་འོངས་མེད་ལ། བོད་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ཡང་ཡོང་མི་སྲིད་པ་དངོས་སུ་ར་སྤྲོད་གསལ་པོ་་བྱུང་ཡོད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་བྱུང་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་འཛམ་གླིང་གི་ཡང་རྩེར་བཏོད་པའི་མིའི་རིགས་འཕེལ་རྒྱས་ཀྱི་ངོ་མཚར་ཞིག་ཡིན་ཞིང་། དེ་ཐོག་ནས་རང་རྒྱལ་གྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པ་དང་བློ་བརྟན་འགྱུར་མེད་ངང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་མངོན་ཡོད་ལ། ལམ་ལུགས་ཀྱི་ལེགས་ཆ་ཆེན་པོ་དང་འཕེལ་རྒྱས་ཀྱི་གདེང་ཚོད་ཆེན་པོ་ཡང་མངོན་ཡོད།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་པ་དང་། རྒྱང་ལམ་གསར་པར་འབད་འབུངས་བྱེད་པའི་དུས་རབས་ཀྱི་དུང་བརྡ་བསྒྲགས་ཡོད། རྒྱང་ལམ་གསར་པར་བོད་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གྱིས“ངེས་པར་དུ་བཅུ”ལ་བརྩི་སྲུང་དང“དོན་ཆེན་བཞིར”དམ་པོར་དམིགས་ཏེ། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུར་བརྩི་བ་དང་། བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་ཡག་པོ་སྤྱོད་པ། ལྗང་མདོག་འཕེལ་རྒྱས་གཏོང་སྟངས་ལག་ལེན་བསྟར་བ་བཅས་བྱས་ཏེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་གསུམ་གྱི་བྱ་སྤྱོད་དཔེ་སྟོན་ཁུལ་བཅས་འཛུགས་གཏོད་ཧུར་ཐག་བྱས་ནས་འཛམ་གླིང་གི་ཡང་རྩེ་དེང་རབས་ཅན་དུ་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་མཐོ་ཚད་གསར་པར་ཟམ་མི་ཆད་པར་སྙེག་དགོས།

(རྩོམ་པ་པོ་ནི་པེ་ཅིང་གྲོང་ཁྱེར་གྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་བསྐོས་ཞིབ་འཇུག་པ་དང་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཡིན)

(ཚེ་བརྟན་སྒྲོལ་དཀར་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)