འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་19ཉིན་གློག་འཕྲིན་འབྱོར་གསལ། འདི་ལོ་ནི《ཡུན་རིང་རང་བཞིན་གྱི་སྐྱེ་ལྡན་སྦགས་བཙོག་དངོས་པོའི་སྐོར་གྱི་སི་ཏེ་ཀེར་མོའི་སྤྱི་ཆིངས》ཀྱི་ནུས་པ་ཐོན་ནས་ལོ་20འཁོར་བའི་ལོ་ཞིག་རེད། ཉེ་ཆར་སྐྱེ་ཁམས་ཁོར་ཡུག་པུས་སྤྱི་ཆིངས་ལག་བསྟར་གྱི་ཉམས་མྱོང་སྤེལ་རེས་ཚོགས་འདུ་འཚོགས་པ་དང་འབྲེལ། 《ཀྲུང་གོའི་ཡུན་རིང་རང་བཞིན་གྱི་སྐྱེ་ལྡན་སྦགས་བཙོག་དངོས་པོ་ཚོད་འཛིན(2004ལོ་ནས་2024ལོ་བར)》ཁྱབ་བསྒྲགས་ཀྱང་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ལོ་20ཡི་རིང་རང་རྒྱལ་གྱིས་ཚོད་འཛིན་བྱ་སྤྱོད་རབ་དང་རིམ་པ་སྤེལ་ནས་ཡུན་རིང་རང་བཞིན་གྱི་སྐྱེ་ལྡན་སྦགས་བཙོག་དངོས་པོ(POPs)རིགས་29ཐོན་སྐྱེད་དང་། བེད་སྤྱོད། ཕྱིར་གཏོང་ནང་འདྲེན་བཅས་ཁྱོན་ཡོངས་ནས་མེད་པར་བཟོས་ཏེ། ལོ་ལྟར་POPsཏུན་ཁྲི་བཅུ་ཐོན་སྐྱེད་དང་ཁོར་ཡུག་ཏུ་ཕྱིར་འབུད་མ་བྱས་པར་འབྲེལ་ཡོད་ཞིང་ལས་ཐོན་རྫས་དང་འཛད་རྫས་ཁྲོད་ཀྱི་POPsཡི་བདེ་ཐང་གི་ཉེན་ཁ་སྔོན་འགོག་ནུས་ལྡན་བྱས་པས་POPsཡི་ཚོད་འཛིན་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
POPsཞེས་པ་ནི་ཁོར་ཡུག་གི་ཡུན་རིང་རང་བཞིན་དང་། སྐྱེ་དངོས་གསོག་འཇོག་རང་བཞིན། ཐག་རིང་དུ་ཁོར་ཡུག་གནས་སྤོ་བཅས་ཀྱི་མི་མངོན་པའི་ནུས་པ་ལྡན་པ་མ་ཟད། མིའི་གཟུགས་པོའི་བདེ་ཐང་ངམ་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་ཐེབས་པའི་སྐྱེ་ལྡན་སྦགས་བཙོག་དངོས་པོར་ཟེར། 《ཡུན་རིང་རང་བཞིན་གྱི་སྐྱེ་ལྡན་སྦགས་བཙོག་དངོས་པོའི་སྐོར་གྱི་སི་ཏེ་ཀེར་མོའི་སྤྱི་ཆིངས》2004ལོའི་ཟླ་5ཚེས་17ཉིན་ནས་ནུས་པ་ཐོན་པ་དང་། 2004ལོའི་ཟླ་11ཚེས་11ཉིན་ནས་སྤྱི་ཆིངས་དེ་རང་རྒྱལ་དུ་ནུས་པ་ཐོན་ཡོད། (བདེ་སྐྱིད་དབང་མོ་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)