འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དངུལ་འབོར་སྒོར་དུང་ཕྱུར་15055.3ཟིན་པ་དེ་དུས་མཚུངས་ལས་4.3%འཕར་ཡོད། དུས་ཚིགས་དབྱེ་ནས་བལྟས་ན། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་ཚིགས་གསུམ་བསྟུད་མར་འཕར་ནས་རྒྱུན་མཐུད་སླར་གསོའི་རྣམ་པ་མངོན་ཡོད།
བཟོ་ལས་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་མུ་མཐུད་སླར་གསོ་བྱུང་ཞིང་། ཁྲོམ་རའི་དགོས་མཁོ་རིམ་བཞིན་ལེགས་སུ་ཕྱིན་པ་དང་སྒུལ་ཤུགས་གསར་པ་མགྱོགས་མྱུར་འཕེལ་ནས་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་མུ་མཐུད་སླར་གསོ་ཡོང་བར་སྐུལ་ཁྲིད་བྱས་ཡོད། དུས་ཚིགས་དང་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་དུས་མཚུངས་ལས་2.3%འཕར་བ་དང་འཕར་ཚད་ལོ་གོང་མའི་ལོ་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་1.2མགྱོགས་སུ་ཕྱིན་པ་དང་དུས་ཚིགས་དེ་རང་གི་ལས་གཉེར་ཡོང་འབབ་དུས་ཚིགས་གསུམ་བསྟུད་མར་འཕར་ནས་ཁེ་ལས་ཀྱི་ཁེ་སྤོགས་རྒྱུན་མཐུད་ངང་སླར་གསོ་ཡོང་བར་མཐུན་རྐྱེན་བསྐྲུན་ཡོད།
ལས་རིགས་ཀྱི་ཁེ་སྤོགས་བཅུ་ཆ་བདུན་འཕར་ཞིང་། དུས་ཚིགས་དང་པོར་བཟོ་ལས་ཀྱི་རིགས་ཆེ་བའི་ལས་རིགས་41གི་ནང་ལས་རིགས་28ཀྱི་ཁེ་སྤོགས་དུས་མཚུངས་ལས་འཕར་ནས་68.3%བཟུང་བ་དེ་ལོ་གོང་མའི་ལོ་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་2.4འཕར་ཡོད། རིགས་དབྱེ་ནས་བལྟས་ན། བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་7.9%འཕར་བ་དང་། གློག་ཤུགས་དང་། ཚ་ཤུགས། སོལ་རླངས་བཅས་དང་དེ་བཞིན་ཆུ་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་40.0%འཕར་ནས་མགྱོགས་མྱུར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད།
ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱིས་བཟོ་ལས་ཀྱི་ཁེ་སྤོགས་འཕར་རྒྱུར་སྣེ་ཁྲིད་བྱས་ཤིང་། དུས་ཚིགས་དང་པོར་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་29.1%འཕར་བ་དང་འཕར་ཚད་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་24.8ཀྱིས་མཐོ་བ་ཡོད། ལས་རིགས་དབྱེ་ནས་བལྟས་ན། འཕྲིན་གཏོང་གི་མཐའ་སྣེའི་སྒྲིག་ཆས་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་ལྡབ་3.47འཕར་བ་དང་། འདུས་གྲུབ་གློག་ལམ་དང་། བརྙན་སྟོན་ཡོ་ཆས། རྩིས་འཁོར་གྱི་འཕྲུལ་འཁོར་ཆ་ཚང་བཅས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་སྒོར་དུང་ཕྱུར་108.3དང་། སྒོར་དུང་ཕྱུར་76.1 སྒོར་དུང་ཕྱུར་48.0བཅས་སོ་སོར་འཕར་ཡོད།
སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱིས་ཁེ་སྤོགས་འཕར་བའི“གྲུ་རྡོའི”ནུས་པ་བཏོན་ཞིང་། དུས་ཚིགས་དང་པོར་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་18.0%འཕར་བ་དང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཁེ་སྤོགས་བརྒྱ་ཆའི་གྲངས་4.9འཕར་བར་སྐུལ་ཁྲིད་བྱས་པས་ལེགས་སྐྱེས་ཆེ་ཤོས་ཕུལ་མཁན་ལས་རིགས་ཤིག་རེད། ལས་རིགས་དབྱེ་ནས་བལྟས་ན། གློག་རྡུལ་དང་རླངས་འཁོར་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་82.5%དང་32.0%སོ་སོར་འཕར་བ་དེ་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་སྤོགས་འཕར་མང་ཤོས་ཀྱི་བཟོ་སྐྲུན་ལས་རིགས་ཤིག་ཡིན་པ་དང་ལྕགས་ལམ་དང་། གྲུ་གཟིངས། མཁའ་འགྲུལ། འཇིག་རྟེན་འཕུར་སྐྱོད་བཅས་ཀྱི་སྐྱེལ་འདྲེན་སྒྲིག་ཆས་དང་། ཀུན་སྤྱོད་སྒྲིག་ཆས། ལྕགས་རིགས་ཐོན་རྫས་བཅས་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་45.8%དང་། 7.9% 6.7%བཅས་སོ་སོར་འཕར་ཡོད།
འཛད་རྫས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་མགྱོགས་མྱུར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཅིང་། ནང་མཁོ་རྒྱ་ཆེར་བཏང་སྟེ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་བསྟུན་ནས་འཛད་སྤྱོད་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས་ཡོད། དུས་ཚིགས་དང་པོར་འཛད་རྫས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་10.9%འཕར་བ་དང་དུས་ཚིགས་དེ་རང་གི་ཁེ་སྤོགས་དུས་ཚིགས་གསུམ་བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཁེ་སྤོགས་འཕར་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)