འདི་ག་ཚགས་པར་གྱི་གསར་འགོད་པ། ཧོ་ཡུང་། ཀྲེང་དབྱང་དབྱང་།
དབྱར་དུས་སུ་ཧྲན་ཤིས་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་མཆོད་རྟེན་གཉིས་རྟེན་མཛོད་ཁང་གི་མིང་རྒྱལ་རབས་ཀྱི་མཆོད་རྟེན་གཉིས་ཀྱི་འགྲམ་དུ་ཡུལ་སྐོར་བས་ཁེངས་པ་དང་། སྣེ་ཤན་པས་ཡུལ་སྐོར་བར་མཆོད་རྟེན་གཉིས་དང་ཐའེ་ཡོན་གྱི་ལོ་རྒྱུས་ངོ་སྤྲོད་བྱེད་བཞིན་མཆིས།
ལོ་རྒྱུས་རིག་གནས་ནི་གྲོང་ཁྱེར་གྱི་བླ་སྲོག་ཡིན་པ་དང་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། རྟེན་མཛོད་ཁང་ནི་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཤུལ་བཞག་ཉར་ཚགས་དང་། ཞིབ་འཇུག འགྲེམས་སྟོན་བཅས་བྱེད་པའི་ལས་སྟེགས་གལ་ཆེན་གྱི་གྲས་ཤིག་རེད། ངོ་སྤྲོད་བྱས་པར་གཞིགས་ན། ལོ་ངོ་2500ལྷག་ཙམ་གྱི་གྲོང་ཁྱེར་འཛུགས་སྐྲུན་ལོ་རྒྱུས་ཀྱི་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་ཡིན་པའི་ཐའེ་ཡོན་དུ་སྤོ་མི་རུང་བའི་རིག་དངོས་སྣ་ཚོགས་ཀྱི་གནས་2237དང་རིམ་ཁག་རིག་དངོས་སྲུང་སྐྱོང་ཚན་པ་541ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། ཐའེ་ཡོན་གྱིས་ལོ་རྒྱུས་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་དང་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོང་བྱས་ནས་རྟེན་མཛོད་ཁང་ཡོད་པའི་གྲོང་ཁྱེར་ནུས་ཤུགས་ཡོད་རྒུས་བསྐྲུན་ཡོད། མིག་སྔར་ཐའེ་ཡོན་དུ་རིམ་པ་ཁག་དང་རིགས་ཁག་གི་རྟེན་མཛོད་ཁང་101བསྐྲུན་ཡོད་པ་དང་ཆ་སྙོམས་མི་ཁྲི་5.4རེར་རྟེན་མཛོད་ཁང་རེ་དབང་ཡོད། རྟེན་མཛོད་ཁང་ཚང་མ་གྲོང་མི་དང་ཡུལ་སྐོར་བའི་སློབ་སྦྱོང་དང་སྤྲོ་གསེང་བྱ་ཡུལ་དུ་གྱུར་ཡོད།
ཐའེ་ཡོན་གྲོང་ཁྱེར་ག་དུས་ཆགས་པའི་ལོ་རྒྱུས་ཐའེ་ཡོན་གྱི་གྲོང་མི་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་ཅིན་དབྱང་གནའ་གྲོང་གནའ་རྫས་རྟོག་ཞིབ་རྟེན་མཛོད་ཁང་ནས་ཤེས་རྟོགས་ཐུབ་ཡོད།
འགྲེམས་ཁང་གི་ཤེལ་སྒོའི་སྐས་འཛེགས་སུ་སྐྱོད་སྐབས་ཅིན་དབྱང་གནའ་གྲོང་གནའ་རྫས་རྟོག་ཞིབ་ལད་ཟློས་འགྲེམས་སྟོན་བྱ་ཡུལ་དུ་ས་རྡོ་ལས་གྲུབ་པའི་གྱང་མཐོ་བ་དང་ལོ་ངོ་སྟོང་གི་གོང་མི་རྣམས་ཀྱིས་ས་རྡོར་བརྟེན་ནས་གྲོང་ཁྱེར་སྐྲུན་པའི་རྣམ་པ་མཐོང་ཐུབ། “མཁར་གྲོང་གི་གྱང་སྔོན་མ་ཅིན་དབྱང་གནའ་གྲོང་གི་ནུབ་བྱང་གྲོང་ཟུར་གྱི་ནང་ངོས་སུ་ཡོད་པ་དང་། ཀྲོའུ་ཤར་མ་དང་། ཝེ་ཅིན། ཐང་རྒྱལ་རབས་སོགས་དུས་སྐབས་ཀྱི་ཤུལ་བཞག་མང་པོ་ཡོད་པས་ཐའེ་ཡོན་གྱི་གྲོང་ཁྱེར་ཆགས་པའི་རྣམ་པར་དཔང་པོ་བྱས་ཡོད”ཅེས་ཐའེ་ཡོན་གྲོང་ཁྱེར་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གི་རིག་དངོས་རྟེན་མཛོད་ཞིབ་འཇུག་ཁང་གི་ལས་མི་ཁྲང་དབྱི་མིང་གིས་ངོ་སྤྲོད་བྱས།
“འདི་ལོའི་ཟླ་དང་པོར་ཅིན་དབྱང་གནའ་གྲོང་གནའ་རྫས་རྟོག་ཞིབ་རྟེན་མཛོད་ཁང་བསྐྲུན་ནས་སྒོ་ཕྱེ་བ་ནས་བཟུང་། ཚན་རྩལ་གྱི་བྱ་ཐབས་བརྒྱུད་ལོ་མང་རིང་གི་ཅིན་དབྱང་གནའ་གྲོང་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་མངོན་པར་བྱས་ཏེ་གྲོང་མིས་ཐའེ་ཡོན་གྲོང་ཁྱེར་གྱི་ཆགས་ཚུལ་སྔར་བས་ཤེས་རྟོགས་ཐུབ་པར་བྱས་ཡོད”ཅེས་ཐའེ་ཡོན་གྲོང་ཁྱེར་རིག་དངོས་ཅུས་ཀྱི་ཅུས་ཀྲང་ལིའུ་ཡུས་ཝུའེ་ཡིས་བཤད།
ཐའེ་ཡོན་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་རྟེན་མཛོད་ཁང་བསྐྲུན་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་རྟེན་མཛོད་ཁང་བསྐྲུན་རྒྱུ་དེ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ནང་བཅུག་ཡོད། 《ཐའེ་ཡོན་གྲོང་ཁྱེར་གྱི་རྟེན་མཛོད་ཁང་གི་སྐུལ་འདེད་སྲོལ་ཡིག》དང《ཐའེ་ཡོན་གྲོང་ཁྱེར་རིག་དངོས་བྱ་གཞག་གི“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་འཆར་འགོད》སོགས་བཏོན་ནས་ཁྲིམས་ལྟར་རྟེན་མཛོད་ཁང་གི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
ཐའེ་ཡོན་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་ཚོགས་ཀྱི་ཐོག་ནས་རྟེན་མཛོད་ཁང་དང་གནའ་རྫས་རྟོག་ཞིབ་སྒྲིག་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་དང་འབྲེལ་ཐའེ་ཡོན་གྲོང་ཁྱེར་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་ཡང་བཙུགས་ཡོད། ཉེ་བའི་ལོ་ཤས་རིང་། ཐའེ་ཡོན་གྲོང་ཁྱེར་གྱིས་སྤྱི་འདོམས་བཀོད་སྒྲིག་བྱས་ནས་གསར་བརྗེའི་རིག་གནས་དང་ལྕི་བའི་བཟོ་ལས་རིག་གནས་སོགས་ལ་དམིགས་ནས་རྟེན་མཛོད་ཁང་སྣ་ཚོགས་བསྐྲུན་ཡོད།
“ང་ཚོས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་མུ་མཐུད་དར་སྤེལ་ཤུགས་ཆེན་གཏོང་བ་དང་རྟེན་མཛོད་ཁང་གི་ནུས་པ་བཏོན་ཏེ་ཐའེ་ཡོན་རིག་གནས་ཡུལ་སྐོར་གྱི་དམིགས་ས་གྲགས་ཅན་ཞིག་ཏུ་འགྱུར་བར་བྱས་ནས་གྲོང་ཁྱེར་གྱི་ཤུགས་རྐྱེན་དང་ཡིད་དབང་འགུག་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་གི་ཡིན”ཞེས་ཧྲན་ཤིས་ཞིང་ཨུད་ཀྱི་རྒྱུན་ཨུ་དང་ཐའེ་ཡོན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཝུའེ་ཐའོ་ཡིས་བཤད།
(ཚེ་ཁོས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)