⇑ འདི་ནི་ཧུའུ་ནན་ཞིང་ཆེན་ཧོའེ་ཧྭ་གྲོང་ཁྱེར་ཐུང་ཏའོ་ཏུང་རིགས་རང་སྐྱོང་རྫོང་ལི་ཡ་སློབ་ཆུང་ཉེ་འགྲམ་གྱི་བཟོ་གྲྭ་ཆུང་གྲས་ཤིག་ཏུ་སྐྱེད་མ་ཚོས་ཕྲུ་གུ་སློབ་གྲྭར་འགྲོ་ཞོར་དུ་ལྷུ་ལག་ལས་སྣོན་བྱེད་བཞིན་པ།
ཉེ་ཆར། ཀྲུང་གོའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཀྲུང་གོའི་ཞིང་ཆེན་མང་པོས་ཁེ་ལས་ཀྱིས་བུད་མེད་ལ“སྐྱེད་མའི་ལས་གནས”ཞེས་པའི་སྟབས་བསྟུན་ལས་གནས་མཁོ་འདོན་བྱ་རྒྱུར་ལྕག་སྐུལ་བྱས་ནས། ཁོང་ཚོས་ལས་ཀ་དང་ཕྲུ་གུ་སྐྱོང་རྒྱུ་སྔར་བས་དོ་སྙོམས་ཡོང་གང་ཐུབ་བྱེད་ཀྱི་ཡོད།
“སྐྱེད་མའི་ལས་གནས”ནི་ཆེད་མངགས་སྐྱེད་མར་དམིགས་པའི་ལས་གནས་ཤིག་ཡིན་པས་ལས་ཀའི་དུས་ཚོད་བཀོད་སྒྲིག་གང་ལ་གང་འཚམ་བྱེད་ཆོག་གི་ཡོད། སྐྱེད་མ་མང་པོ་ཞིག་ཕྲུ་གུ་བཙས་རྗེས་ཀྱི་ལོ་གསུམ་ནང་ལས་ཞུགས་ཁྲོམ་ར་ནས་བྲལ་ཏེ་ཕྲུ་གུ་བུ་བཅོལ་ཁང་དང་སློབ་གྲྭར་བཏང་རྗེས་གཞི་ནས་ལས་གནས་ཐོག་ལོག་ཆོག་པ་མ་ཟད། ལས་གནས་ཐོག་ལོག་རྗེས་ལས་ཀའི་དུས་ཚོད་བཀོད་སྒྲིག་གང་ལ་གང་འཚམ་བྱེད་ཆོག་གི་ཡོད། ཁེ་ལས་མང་པོས“སྐྱེད་མའི་ལས་གནས”བཀོད་སྒྲིག་བྱེད་སྟངས་འཚོལ་ཞིབ་བྱེད་མོད། འོན་ཀྱང་གདམ་ག་ཆོག་པའི་ལས་གནས་ལ་ཚད་བཀག་ཡོད་པ་མ་ཟད། ལས་གནས་མང་ཆེ་བ་དུས་ཐུང་དང་གནས་སྐབས་ཡིན། ཀོང་ཏུང་ཞིང་ཆེན་དུ་འབྲེལ་ཡོད་སྡེ་ཚན་གྱིས་ཞིང་ཆེན་ཡོངས་ལ་བྱེད་སྟངས་གསར་པ་དེ་རིགས་དར་སྤེལ་གཏོང་རྒྱུར་བསམ་གཞིག་བྱས་ཏེ། མི་སྤྱོད་ཚན་པས་སྡེ་ཚན་གྱི་ཆེད་ལས་ལག་རྩལ་དང་དོ་དམ་གྱི་ལས་གནས་ཁག་གཅིག་ལ“སྐྱེད་མའི་ལས་གནས”བཀོད་སྒྲིག་བྱེད་པར་ལྕག་སྐུལ་བྱེད་ཀྱི་ཡོད།
མིག་སྔར། ཀྲུང་གོས་ཕྲུ་གུ་སྐྱེ་ཚད་མཐོ་རུ་གཏོང་ཆེད། སྲིད་གཞུང་གིས་ཕྲུ་གུ་བཙས་པའི་ངལ་གསོ་རིང་དུ་བཏང་བ་མ་ཟད། བུ་བཙའི་ཁ་གསབ་དང་སྡོད་ཁང་གི་ཁ་གསབ་སོགས་ཀྱི་འབྲེལ་ཡོད་ལྕག་སྐུལ་བྱ་ཐབས་ཀྱང་སྤྱད་ཡོད།
—— དབྱིན་ཇིའི་ལུའུ་ཐའོ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ་གཞིར་བཟུང་།
(ལི་ཧྲང་ཡིང་གིས་པར་བླངས)