《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月20日

ཧོ་པེས་བྱེད་ཐབས་སྣ་མང་སྤྱད་དེ་ལུས་གསོའི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ།

འདི་ག་ཚགས་པར་ཁང་དུ་ཧྲེ་ཅ་ཀྲོང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཧོ་པེ་ཞིང་ཆེན་སྲིད་གཞུང་གི་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཧོ་པེ་ཞིང་ཆེན་གྱིས་དངུལ་རྩའི་རྒྱབ་སྐྱོར་དང་། ས་ཞིང་འགན་ལེན། སྨན་བཅོས་ཞབས་ཞུ། ཤེས་ལྡན་པ་གསོ་སྐྱོང་། ཕྱོགས་བསྡུས་ལེ་ལག་སྒྲིག་བཀོད་བཅས་ཕྱོགས་5ཡི་ཐད་ཀྱི་བྱེད་ཐབས་ཁག་20སྤྱད་དེ། པེ་ཅིང་དང་ཐེན་ཅིན་གྱི་རྒན་གསོའི་རྣམ་གྲངས་ཧོ་པེ་རུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་ནས། པེ་ཅིང་དང་ཐེན་ཅིན་གྱི་རྒན་རྒོན་དེ་བས་མང་བ་ཧོ་པེར་ལུས་གསོར་ཡོང་འདོད་ཀྱི་བློ་ཁ་བཀུགས་པ་དང་། ཧོ་པེ་ཞིང་ཆེན་གྱི་ལུས་གསོའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཧོ་པེ་ཞིང་ཆེན་གྱིས་ལུས་གསོའི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུར་དམིགས་ནས། ལུས་གསོའི་ལས་ཁུངས་ནང་བཙུགས་པའི་སྨན་བཅོས་སྒྲིག་གཞི་ཁག་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་ནང་འཇུག་དགོས་རིགས་ཚང་མ་བཅུག་སྟེ་ལམ་ལུགས་ཐོག་ནས་དེར་སྡོད་མཁན་རྒན་རྒོན་གྱི་སྨན་བཅོས་གྲོན་དངུལ་གྱི་ཁུར་པོ་ཡང་དུ་བཏང་ཡོད་པ་རེད། མིག་སྔར། པེ་ཅིང་དང་ཐེན་ཅིན་མཐའ་འཁོར་གྱི་རྫོང(གྲོང་ཁྱེར་དང་ཆུས)24ཡིས་པེ་ཅིང་དང་ཐེན་ཅིན་གྱི་འགན་བཅོལ་ནང་ཞུགས་མཁན་ལ་བཙུགས་པའི་རྒན་གསོའི་སྨན་བཅོས་ཐད་ཀྱི་ཐད་ཀར་རྩིས་ཞུ་བྱེད་སའི་དམིགས་འཛུགས་སྨན་བཅོས་ལས་ཁུངས་དང་སིལ་ཚོང་སྨན་ཚོང་ཁང་ཁག་སོ་སོར་2117དང་2713ཟིན་ནས། པེ་ཅིང་དང་ཐེན་ཅིན་གྱི་འགན་བཅོལ་ནང་ཞུགས་མཁན་གྱིས་ཧོ་པེ་ཞིང་ཆེན་དུ་རྒན་གསོ་སྨན་བཅོས་བྱེད་པ་དང་སྨན་ཉོ་བ་སོགས་སྨན་བཅོས་འགན་བཅོལ་ཐད་ཀྱི་དཀའ་གནད་བསལ་བ་རེད།

ཧོ་པེ་རུ་སྨན་བཅོས་བྱེད་པར་ཡོང་མཁན་པེ་ཅིང་དང་ཐེན་ཅིན་གྱི་འགན་བཅོལ་ནང་ཞུགས་པའི་མང་ཚོགས་ལ་སྟབས་བདེ་སྐྲུན་ཆེད། ཧོ་པེ་ཞིང་ཆེན་གྱིས་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་པེ་ཅིང་དང་ཐེན་ཅིན་གྱི་ས་གནས་གཞན་དུ་སྨན་བཅོས་བྱེད་པར་སྐྱོད་སྐབས་ཐོ་འགོད་ཀྱི་འགྲོ་ལུགས་གཉེར་དགོས་རིགས་སྔོན་ལ་མེད་པར་བཟོས་ཤིང་། དེ་རྗེས་པེ་ཅིང་དང་ཐེན་ཅིན་གྱི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་ཀྱང་པེ་ཅིང་དང་ཐེན་ཅིན་གྱི་འགན་བཅོལ་ནང་ཞུགས་མཁན་གྱི་མང་ཚོགས་ཧོ་པེ་ས་ཁུལ་དུ་སྨན་བཅོས་བྱེད་པར་བསྐྱོད་ཚེ་ཐོ་འགོད་ཀྱི་འགྲོ་ལུགས་གཉེར་མི་དགོས་པ་ལག་ལེན་བསྟར་བས། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁོངས་ཀྱི་སྨན་བཅོས་འགན་བཅོལ་ཐད་ཀར་རྩིས་ཞུ་གཞི་གཅིག་ཅན་མངོན་འགྱུར་བྱུང་ཡོད། ཧོ་པེ་ཞིང་ཆེན་གྱིས་ས་ཆ་གཞན་དུ་སྨན་བཅོས་བྱེད་རིང་སྨན་བཅོས་བྱ་ཡུལ་གྱི་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་གཞིར་བཟུང་རྩིས་ཞུ་དང་མཇུག་རྩིས་རྒྱག་པའི་སྲིད་ཇུས་ལམ་སྲོལ་གྱི་འགལ་རྐྱེན་མེད་པར་བཟོས་ནས། པེ་ཅིང་གི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཧོ་པེ་ཞིང་ཆེན་དུ་སྨན་བཅོས་བྱེད་པར་བསྐྱོད་ཚེ་པེ་ཅིང་གི་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་གཞིར་བཟུང་ཐད་ཀར་རྩིས་རྒྱག་ཆོག་གི་ཡོད་པ་རེད།

(བསོད་བདེ་ཆེ་བས་བསྒྱུར། བསོད་བདེ་དང་དམ་ཆོས་ཀྱིས་ཞུས)