《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月20日

རྒྱལ་ཡོངས་སྲིད་གྲོས“ཨུ་ཡོན་གྱི་ཚན་རིག་སློབ་ཁང”གིས།

ནཱ་རྨིད་ཚན་རྩལ་གྱི་བརྗོད་དོན་གཙོ་བོའི་ཚན་རིག་ ཁྱབ་གདལ་གྱི་འཆད་ཁྲིད་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཡོངས་སྲིད་གྲོས“ཨུ་ཡོན་གྱི་ཚན་རིག་སློབ་ཁང”གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་ཁང་དུ་ཚན་རིག་ཁྱབ་གདལ་གྱི་འཆད་ཁྲིད་བྱས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲེན་ཝུའུ་དང་ཝང་ཏུང་ཧྥེང་ཞུགས་ཡོད་པ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རྒྱལ་ཁབ་ནཱ་རྨིད་ཚན་རིག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཀྲའོ་ཡུས་ལེང་གིས“ནཱ་རྨིད་ཚན་རྩལ་གསར་ཤོས་དང་ཐོན་ལས་ཅན། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱེད”ཅེས་པ་ཁ་བྱང་དུ་བྱས་ཏེ་ཚན་རིག་ཁྱབ་གདལ་གྱི་འཆད་ཁྲིད་གནང་ཞིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ས་གནས་སྲིད་གྲོས་ཀྱི་ཨུ་ཡོན། མཐོ་སློབ་ཀྱི་སློབ་མ། ཚན་ཞིབ་ལས་དོན་པ་སོགས་མི་700ལྷག་ཙམ་ཞུགས་ཡོད་པ་རེད།

རྒྱལ་ཡོངས་སྲིད་གྲོས“ཨུ་ཡོན་གྱི་ཚན་རིག་སློབ་ཁང”ནི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚན་རིག་ཁྱབ་གདལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་རྒྱལ་ཁབ་ཀྱི་ཚན་རིག་ཁྱབ་གདལ་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བྱ་སྤྱོད་དངོས་ཤིག་རེད་ལ། ཨུ་ཡོན་གྱིས་འགན་འཁྲི་སྒྲུབ་པ་དང“དམངས་ལ་ཞབས་འདེགས་ཞུ་བའི”བྱེད་སྒོའི་ནང་དོན་གལ་ཆེན་ཞིག་ཀྱང་རེད། གོམ་སྟབས་རྗེས་མར། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཨུ་ཡོན་ཁྲོད་ཀྱི་འབྲེལ་ཡོད་རིགས་གཅིག་མཁས་ཅན་མུ་མཐུད་གདན་དྲངས་ནས། སྤྱི་ཚོགས་ལ་ཕྱོགས་ཏེ་ཚན་རིག་ཁྱབ་གདལ་གྱི་འཆད་ཁྲིད་སྣ་ཚོགས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་ཚན་རིག་ལ་དགའ་ཞེན་དང་ཚན་རིག་ལ་བརྩི་མཐོང་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་ཆགས་པར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་རེད།

(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)