འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཟླ་4པར་དམངས་སྤྱོད་མཁའ་འགྲུལ་གྱི་ལས་རིགས་ཧྲིལ་པོས་སྐྱེལ་འདྲེན་གྱི་འཁོར་རྒྱུག་བསྡོམས་འབོར་སྤྱི་ལེ་ཏུན་དུང་ཕྱུར་113.8ཟིན་པ་དེ་དུས་མཚུངས་ལས་21.6%འཕར་ནས་2019ལོའི་དུས་མཚུངས་ལས་8.3%འཕར་བ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་5595.0ཟིན་པ་དེ་དུས་མཚུངས་ལས་10.6%འཕར་བ་དང་2019ལོའི་དུས་མཚུངས་ལས་5.3%འཕར་བའི་ནང་རྒྱལ་ནང་གི་འགྲུལ་སྐྱེལ་གཞི་ཁྱོན་2019ལོའི་དུས་མཚུངས་ལས་8.1%འཕར་བ་དང་། རྒྱལ་སྤྱིའི་འགྲུལ་སྐྱེལ་གཞི་ཁྱོན་མི་ཐེངས་ཁྲི་500ལྷག་ཙམ་ཟིན་ནས་མི་ཐེངས་ཁྲི་509.6ལེགས་སྒྲུབ་ཟིན་པ་དང་2019ལོའི་དུས་མཚུངས་ཀྱི་83.8%བར་སླར་གསོ་བྱུང་བ་དང་སླར་གསོ་བྱུང་ཚད་ཟླ་གསུམ་བསྟུད་མར་80%ལྷག་ཙམ་ཟིན་པ་དང་། ལས་རིགས་ཧྲིལ་པོས་དངོས་ཟོག་དང་སྦྲག་ཐོག་བསྐུར་མ་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་68.4ཟིན་པ་དེ་དུས་མཚུངས་ལས་25.3%འཕར་བ་དང་2019ལོའི་དུས་མཚུངས་ལས་13.9%འཕར་ཡོད་པ་རེད།
གཞན་ཡང་། འདི་ལོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་རྒྱལ་སྤྱིའི་འགྲུལ་སྐྱེལ་དུས་གཏན་གནམ་གྲུ་སླར་གསོ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཉེ་བའི་གཟའ་འཁོར་གཅིག(2024ལོའི་ཟླ་5ཚེས་6ནས་ཟླ་5ཚེས་12ཉིན་བར)རིང་། ཀྲུང་ཕྱིའི་མཁའ་འགྲུལ་ཀུང་སིས་རྒྱལ་སྤྱིའི་འགྲུལ་སྐྱེལ་གྱི་དུས་བཀག་གི་དུས་གཏན་གནམ་གྲུ་5493(ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་དུས་གཏན་གནམ་གྲུ་རེ་དང་གཤམ་དུ་མཚུངས)དེ་རིམས་ནད་མ་ཐོན་གོང་གི་73.1%བར་སླར་གསོ་བྱུང་བ་དང་། འགྲུལ་སྐྱེལ་དུས་གཏན་གནམ་གྲུ་རྒྱལ་ཁབ་70ལ་ཤར་གཏོང་ཐུབ་པའི་ནང་རིམས་ནད་མ་ཐོན་གོང་ལས་ཁུ་ཝེ་ཐེ་དང་། སེར་པི་ཡ། ཐན་ཙན་ནི་ཡ། ལུ་ཙེམ་པོག ཕ་ཕུ་ཡ་ཀུའི་ནེ་ཡ་བཅས་རྒྱལ་ཁབ་5ལ་ཤར་གཏོང་ཐུབ་ཡོད། རང་རྒྱལ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དབར་འགྲུལ་སྐྱེལ་དུས་གཏན་གནམ་གྲུ་གཟའ་འཁོར་རེར་ཐེངས་4053བར་སླར་གསོ་བྱས་ཡོད།