《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月20日

རང་རྒྱལ་གྱི་རྟེན་མཛོད་ཁང་གིས་ན་ནིང་ལྟ་སྐོར་བ་མི་ཐེངས་དུང་ཕྱུར་12.9ལ་སྣེ་ལེན་ཞུས་པ།

མིག་སྔར་རྒྱལ་ཁབ་རིམ་པ་དང་པོའི་རྟེན་མཛོད་ཁང་327ཟིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། 2023ལོར་རང་རྒྱལ་གྱི་རྟེན་མཛོད་ཁང་གིས་ལྟ་སྐོར་བ་མི་ཐེངས་དུང་ཕྱུར་12.9ལ་སྣེ་ལེན་ཞུས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། 2023ལོའི་ལོ་ཧྲིལ་པོར་ཐོ་བཀོད་སྙན་སེང་བྱས་པའི་རྟེན་མཛོད་ཁང་268གསར་སྣོན་བྱས་པས་རྒྱལ་ཡོངས་སུ་ཐོ་བཀོད་སྙན་སེང་བྱས་པའི་རྟེན་མཛོད་ཁང་6833ཟིན་ཡོད། འདི་ལོའི“ལྔ་གཅིག”གུང་གསེང་རིང་། རང་རྒྱལ་གྱི་རྟེན་མཛོད་ཁང་གིས་ལྟ་སྐོར་བ་མི་ཐེངས་ཁྲི་5000ལྷག་ཙམ་ལ་སྣེ་ལེན་ཞུས་པས་རྟེན་མཛོད་ཁང་ལ་ལྟ་སྐོར་བྱེད་མཁན་མུ་མཐུད་མང་དུ་འགྲོ་བཞིན་ཡོད།

རྟེན་མཛོད་ཁང་གི་གྲངས་འབོར་མུ་མཐུད་འཕར་བ། ཉེ་ཆར། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཁག་ལྔ་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྟེན་མཛོད་ཁང་123ཁྱབ་བསྒྲགས་བྱས་པ་དང་མིག་སྔར་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྟེན་མཛོད་ཁང་327ཟིན་ཡོད། ཉེ་བའི་ལོ་ཤས་རིང་ཀྲུང་གོ་རྒྱལ་ཁབ་པར་གཞི་ཁང་དང་། སི་ཁྲོན་ཀོང་ཧན་སན་ཤིང་ཏུའེ་རྟེན་མཛོད་ཁང་། ཀན་སུའུ་ཅན་ཏུའུ་རྟེན་མཛོད་ཁང་། དབྱིན་ཤུལ་རྟེན་མཛོད་ཁང་གི་རྟེན་མཛོད་ཁང་གསར་པ། ཧྲའན་ཤིས་ལོ་རྒྱུས་རྟེན་མཛོད་ཁང་། ཆིན་ཧན་འགྲེམས་ཁང་སོགས་གཅིག་རྗེས་གཉིས་མཐུད་ངང་སྒོ་ཕྱེ་ནས་རང་རྒྱལ་གྱི་རྟེན་མཛོད་ཁང་གི་གྲངས་འབོར་ལོ་རེར་ཆ་སྙོམས་300ཙམ་རྒྱུན་མཐུད་འཕར་ཏེ་སྤྱི་འབོར་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད།

རྟེན་མཛོད་ཁང་གི་སློབ་གསོའི་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་པ། 2023ལོར་རྒྱལ་ཡོངས་རྟེན་མཛོད་ཁང་གིས་འགྲེམས་སྟོན་ཁྲི་4ལྷག་ཙམ་དང་སློབ་གསོའི་བྱེད་སྒོ་ཁྲི་38ལྷག་ཙམ་གཉེར་ཡོད། “རྟེན་མཛོད་ཁང་ནས་ཀྲུང་གོ་ཤེས་རྟོགས་བྱེད་པ”དང“རྒྱལ་ཡོངས་རྟེན་མཛོད་ཁང་གི་འགྲེམས་སྟོན་རྩེ་གྲ་ཆེ་གྲས་བཅུའི”བརྗོད་དོན་གཙོ་བོའི་འགྲེམས་སྟོན་འོས་སྦྱོར་བྱེད་སྒོ་མུ་མཐུད་སྤེལ་ནས་རྟེན་མཛོད་ཁང་དམངས་ཡོངས་ཀྱི་ཚེ་གང་སློབ་གསོ་སྤེལ་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

རྟེན་མཛོད་ཁང་གི་ཚན་ཞིབ་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། རྒྱལ་ཡོངས་ཀྱི་རིམ་པ་ཁག་གི་རྟེན་མཛོད་ཁང་གིས་2023ལོར་ཞིབ་འཇུག་རྣམ་གྲངས་3500ལྷག་ཙམ་ལག་བསྟར་བྱས་པ་དང་། དཔེ་སྐྲུན་དངོས་པོ་3000ལྷག་ཙམ་བཀྲམ་པ། དཔྱད་རྩོམ་ཁྲི་1.3ལྷག་ཙམ་སྤེལ་བ་བཅས་ཀྱི་ཁྲོད་ཞིང་ལས་ཀྱི་འབྱུང་ཁུངས་དང་། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ་སོགས་བརྗོད་དོན་གཙོ་བོ་ཚུད་ཡོད། མིག་སྔའི་བར་རིམ་རྩིས་བྱས་ན་ཁག་ཐེངས་8ལ་རྒྱལ་ཁབ་རིག་དངོས་ཅུས་ཀྱི་གཙོ་གནད་ཚན་ཞིབ་རྟེན་གཞི་ཁྱོན་40ཙམ་གཏན་འཁེལ་བྱས་ཡོད།

(ཚེ་ཁོས་བསྒྱུར། རིག་རྡོར་དང་ཚེ་ཁོས་ཞུས)