འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། ཀྲུང་གོ་མི་དམངས་དངུལ་ཁང་དང་རྒྱལ་ཁབ་དངུལ་རྩ་ལྟ་འདོམས་ཅུས་ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས། སྡོད་ཁང་དང་པོ་དང་གཉིས་པའི་དངུལ་བུན་གྱི་འཇལ་དངུལ་ཐོག་མ་དམའ་ཤོས་སྤྲོད་པ་དེ་ཁག་སོ་སོར་15%དང་25%ལས་མི་དམའ་བའི་བར་བཅག་ཡོད་པའི་ཁྱབ་བསྒྲགས་བྱས་པ་རེད། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཉིན་དེ་རང་དུ་རྒྱལ་ཡོངས་ཁྱབ་ཁོངས་སུ་སྡོད་ཁང་དང་པོ་དང་སྡོད་ཁང་གཉིས་པའི་ཚོང་སྒྱུར་རང་བཞིན་གྱི་སྒེར་ཁང་དངུལ་བུན་སྐྱེད་ཚད་སྲིད་ཇུས་ཀྱི་ཚད་གཞི་དམའ་ཤོས་མེད་པར་བཟོས་པ་དང་འབྲེལ། སྒེར་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་དམའ་རུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
བརྡ་ཐོ་ལྟར་ན། དངུལ་བུན་གཡར་ནས་ཚོང་སྒྱུར་སྡོད་ཁང་ཉོ་བའི་གྲོང་མིའི་ཁྱིམ་ཚང་ལ་མཚོན་ན། སྡོད་ཁང་དང་པོའི་ཚོང་སྒྱུར་རང་བཞིན་གྱི་སྒེར་ཁང་དངུལ་བུན་འཇལ་དངུལ་ཐོག་མ་དམའ་ཤོས་སྤྲོད་པ་དེ་15%ལས་མི་དམའ་བ་དང་། སྡོད་ཁང་གཉིས་པའི་ཚོང་སྒྱུར་རང་བཞིན་གྱི་སྒེར་ཁང་དངུལ་བུན་གྱི་འཇལ་དངུལ་ཐོག་མ་དམའ་ཤོས་སྤྲོད་པ་དེ་25%ལས་མི་དམའ་བའི་བར་ལེགས་སྒྲིག་བྱས་ཡོད་པ་རེད།
ཉིན་དེར། ཀྲུང་གོ་མི་དམངས་དངུལ་ཁང་གིས་རྒྱལ་ཡོངས་ཁྱབ་ཁོངས་སུ་སྡོད་ཁང་དང་པོ་དང་སྡོད་ཁང་གཉིས་པའི་ཚོང་སྒྱུར་རང་བཞིན་གྱི་སྒེར་ཁང་དངུལ་བུན་གྱི་སྐྱེད་ཚད་སྲིད་ཇུས་ཀྱི་ཚད་གཞི་དམའ་ཤོས་མེད་པར་བཟོ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཀྲུང་གོ་མི་དམངས་དངུལ་ཁང་གི་ཞིང་ཆེན་རིམ་པའི་ཡན་ལག་དངུལ་ཁང་ཁག་གིས་གྲོང་ཁྱེར་ལ་གཞིགས་ནས་སྲིད་ཇུས་ལག་བསྟར་བྱེད་པའི་རྩ་དོན་གཞིར་བཟུང་། ཞིང་ཆེན་རིམ་པའི་ཁྲོམ་རའི་སྐྱེད་ཚད་ཀྱི་བཅད་གོང་རང་གཅུན་ལམ་སྲོལ་ལ་མཛུབ་ཁྲིད་བྱེད་པ་དང་། ཁོངས་གཏོགས་ཁུལ་གྱི་གྲོང་ཁྱེར་ཁག་གི་ས་ཁང་བདག་ཁོངས་ཁྲོམ་རའི་དུས་བབ་དང་། དེ་བཞིན་ས་གནས་དེ་གའི་སྲིད་གཞུང་གི་སྙོམས་སྒྲིག་བླང་བྱར་གཞིགས་ནས་ཁོངས་གཏོགས་ཁུལ་གྱི་གྲོང་ཁྱེར་ཁག་གི་ཚོང་སྒྱུར་རང་བཞིན་གྱི་སྒེར་ཁང་དངུལ་བུན་སྐྱེད་ཚད་ཀྱི་ཚད་གཞི་དམའ་ཤོས་དང་ཆུ་ཚད་དམའ་ཤོས(གལ་ཏེ་ཡོད་ཚེ)རང་བདག་གཏན་འཁེལ་བྱེད་དགོས།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་ཞིང་ཆེན་རིམ་པའི་ཁྲོམ་རའི་སྐྱེད་ཚད་ཀྱི་བཅད་གོང་རང་གཅུན་ལམ་སྲོལ་གྱིས་གཏན་འཁེལ་བྱས་པའི་སྐྱེད་ཚད་ཀྱི་ཚད་གཞི་དམའ་ཤོས(གལ་ཏེ་ཡོད་ཚེ)གཞིར་བཟུང་སྒྲིག་གཞི་དེ་གའི་གཉེར་སྐྱོང་གནས་ཚུལ་དང་དངུལ་བུན་གཏོང་ཡུལ་གྱི་ཉེན་ཁའི་གནས་ཚུལ་སོགས་ཀྱི་རྒྱུ་རྐྱེན་དང་ཟུང་འབྲེལ་བྱས་ནས་དངུལ་བུན་རེ་རེའི་སྐྱེད་ཚད་ཀྱི་ཞིབ་ཕྲའི་ཆུ་ཚད་གཏན་འཁེལ་ལུགས་མཐུན་བྱེད་དགོས།
ཀྲུང་གོ་མི་དམངས་དངུལ་ཁང་གིས་ད་དུང་2024ལོའི་ཟླ་5ཚེས་18ཉིན་ནས་བཟུང་། སྒེར་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་བརྒྱ་ཆའི་གྲངས་0.25དམའ་རུ་གཏོང་རྒྱུ་དང་། ལོ་5མན(ལོ་5ཚུད་པ)དང་ལོ་5ཡན་གྱི་སྡོད་ཁང་དང་པོའི་སྒེར་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་ཁག་སོ་སོར་2.35%དང་2.85%ལེགས་སྒྲིག་བྱ་རྒྱུ། ལོ་5མན(ལོ་5ཚུད་པ)དང་ལོ་5ཡན་གྱི་སྡོད་ཁང་གཉིས་པའི་སྒེར་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་ཁག་སོ་སོར་2.775%དང་3.325%ལས་མི་དམའ་བར་ལེགས་སྒྲིག་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། (པ་ཕན་གྱིས་བསྒྱུར། ལྷག་ཚེས་ཞུས)