《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月20日

ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་ཡུལ་སྐོར་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་བསྐྲུན་པར་ཁ་ཕྱོགས་གསལ་སྟོན་གནང་བ།

འདི་ག་ཚགས་པར་གྱི་གསར་འགོད་པས།

ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྐོར་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བར་སྤྱི་ཚོགས་ལས་རིགས་ཁག་ཏུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་ཏེ། རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་ངོམ་སྟོན་བྱེད་པ་མཐའ་འཁྱོངས་ཀྱིས་ཐུན་མོང་མ་ཡིན་པའི་ཀྲུང་གོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་ཀྱི་ཡིན་ཞེས་བཤད་པ་རེད།

གདེང་ཚོད་ཆེན་པོས་དེང་རབས་ཡུལ་སྐོར་ལས་རིགས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྱུར་བཅོས་སྒོ་དབྱེ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་ཡུལ་སྐོར་ལས་དོན་འཕེལ་རྒྱས་མྱུར་པོ་ཕྱིན་ནས་གོ་ལ་ཧྲིལ་པོའི་རྒྱལ་ནང་གི་ཡུལ་སྐོར་ཁྲོམ་ར་ཆེ་ཤོས་སུ་གྱུར་ཏེ། རྒྱལ་སྤྱིའི་ཡུལ་སྐོར་གྱི་འགྲུལ་ཁུངས་རྒྱལ་ཁབ་ཆེ་ཤོས་དང་དམིགས་ས་གཙོ་བོར་གྱུར་པ་དང་སྦྲགས། ཡུལ་སྐོར་ལས་རིགས་ཆུང་བ་ནས་ཆེ་བའི་བར་དང་ཉམས་ཞན་ནས་སྟོབས་ཆེར་ཕྱིན་ཏེ། འཐབ་ཇུས་རང་བཞིན་གྱི་ཀ་རྟེན་ཐོན་ལས་གསར་པ་དང་དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་དམངས་འཚོའི་ཐོན་ལས་དང་བདེ་སྐྱིད་ཀྱི་ཐོན་ལས་སུ་གྱུར་ནས། དམིགས་བསལ་ཁྱད་ཆོས་ལྡན་པའི་ཀྲུང་གོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བདེ་བླག་ངང་བཏོད་ཡོད་ཅེས་བསྟན་གནང་ཡོད།

རིག་གནས་དང་ཡུལ་སྐོར་འཐབ་ཕྱོགས་ཀྱི་ལས་དོན་པ་ཞིག་ཡིན་པའི་ང་ཚོར་སྐུལ་མ་ཆེན་པོ་ཐེབས་བྱུང་ལ། འགན་འཁྲིའང་ཧ་ཅང་ལྕི་པོ་ཡིན་པའི་ཚོར་སྣང་ཟབ་མོ་བྱུང”ཞེས་དང་། རང་རྒྱལ་ལ་གོ་ལ་ཧྲིལ་པོའི་རྒྱལ་ནང་གི་ཡུལ་སྐོར་ཁྲོམ་ར་ཆེ་ཤོས་ཡོད་ལ་གྲངས་འབོར་ཤིན་ཏུ་མང་བ་དང་། རིགས་སྣ་ཕུན་སུམ་ཚོགས་པ། གསར་གཏོད་ཀྱི་གསོན་ཤུགས་ཆེ་བ་བཅས་ཀྱི་ཡུལ་སྐོར་མཁོ་སྤྲོད་མ་ལག་ཀྱང་བསྐྲུན་ཡོད། “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བ་དང་། ཡུལ་སྐོར་དམངས་ཆེད་ཀྱི་འདུ་ཤེས་འཛིན་པ། ཡུལ་སྐོར་ལས་རིགས་དར་ན་ལས་རིགས་མང་པོ་མཉམ་དུ་དར་བའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཟམ་མི་ཆད་པར་གཏོང་གི་ཡིན”ཞེས་རིག་གནས་དང་ཡུལ་སྐོར་པུའུ་ཐོན་ཁུངས་གསར་སྤེལ་སིའི་སི་ཀྲང་ཧྲན་ཀང་ཤིན་གྱིས་བཤད།

འདི་ལོའི“ལྔ་གཅིག”གུང་གསེང་རིང་། ཐེན་ཅིན་གྲོང་ཁྱེར་པིན་ཧའེ་ཁུལ་གསར་གྱི་ཐའེ་ཏ་གནམ་ཐང་གྲུ་གཟིངས་ཀྱི་བརྗོད་དོན་གཙོ་བོའི་སྤྱི་གླིང་དང་རྒྱལ་ཁབ་རྒྱ་མཚོ་རྟེན་མཛོད་ཁང་སོགས་ཀ་པ་རིམ་པའི་མཛེས་ལྗོངས་ཁུལ་8ལ་ཡུལ་སྐོར་བ་ཧ་ཅང་མང་པོ་སླེབས་ནས་འཁྲུག་ཆ་ཤིན་ཏུ་དོད་པོ་ཡོད་པ་རེད།

ཐེན་ཅིན་གྲོང་ཁྱེར་པིན་ཧའེ་ཁུལ་གསར་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཧོ་ཧྲུའུ་རུང་གིས“ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གྱིས་བཟོ་ལས་ཡུལ་སྐོར་དང་། སྲོལ་རྒྱུན་རིག་གནས་ཡུལ་སྐོར། གསར་བརྗེའི་ཡུལ་སྐོར་བཅས་ཀྱི་རྒྱ་སྟོབས་ཆེ་རུ་བཏང་ནས‘རྒྱལ་གཅེས་དང་། གསར་གཏོད། བཟོ་ལས། རྒྱ་མཚོ’བཅས་ཀྱི་རིག་གནས་སྤུས་རྟགས་སྔར་བས་མངོན་གསལ་ཆེ་རུ་གཏོང་གི་ཡིན”ཞེས་བཤད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

གོ་སྐབས་གསར་པར་དམ་འཛིན་བྱས་ནས་འགྲན་སློང་གསར་པར་ཁ་གཏད་གཅོག་དགོས་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་རྒྱང་ལམ་གསར་པར་ཡུལ་སྐོར་འཕེལ་རྒྱས་ལ་གོ་སྐབས་གསར་པ་དང་འགྲན་སློང་གསར་པ་འཕྲད་ཡོད། དེས་ན་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། གཞུང་འཁྱོངས་གསར་འབྱེད་དང་། སྤུས་འབྲས་ལེགས་གཉེར། མཉམ་འདྲེས་འཕེལ་རྒྱས་བཅས་མཐའ་འཁྱོངས། སྲིད་གཞུང་དང་ཁྲོམ་ར་དང་། མཁོ་སྤྲོད་དང་དགོས་མཁོ། སྲུང་སྐྱོང་དང་གསར་སྤེལ། རྒྱལ་ནང་དང་རྒྱལ་སྤྱི། འཕེལ་རྒྱས་དང་བདེ་འཇགས་བཅས་ལ་སྤྱི་འདོམས། དེང་རབས་ཡུལ་སྐོར་ལས་རིགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཡུལ་སྐོར་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་བསྐྲུན་པ་བཅས་བྱས་ནས་ཡུལ་སྐོར་ལས་རིགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཞབས་འདེགས་དེ་བས་ཡག་པོ་ཞུ་བ་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བསམ་པའི་ཁྱིམ་གཞིས་སྐྲུན་པ། ཀྲུང་གོའི་གཟུགས་བརྙན་མངོན་པར་བྱེད་པ། ཤེས་དཔལ་དཔྱད་གཞིར་འཛིན་པ་བཅས་བྱེད་དུ་འཇུག་དགོས་ཞེས་ནན་བཤད་གནང་ཡོད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྐོར་ལས་དོན་ཐད་ལ་མཛུབ་སྟོན་གལ་ཆེན་གནང་སྟེ། ང་ཚོས་ཡུལ་སྐོར་གྱི་ལས་དོན་ཆེན་པོ་ལེགས་པར་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད”ཅེས་དང་། “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་མང་ཚོགས་ཀྱི་དམིགས་བསལ་ཅན་དང་། སྣ་མང་ཅན། སྤུས་ཚད་ཅན་བཅས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས་ཏེ། ཡུལ་སྐོར་ལས་རིགས་ལ་མཛེས་སྡུག་ལྡན་པའི་འཚོ་བར་ཞབས་འདེགས་སྔར་ལས་ཡག་པོ་ཞུ་རུ་འཇུག་རྒྱུ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དུ་འཇུག་གི་ཡིན། ཡུལ་སྐོར་ཐོན་རྫས་ཀྱི་མཁོ་སྤྲོད་གསར་གཏོད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཚེ། གཞི་ནས་ཡིད་དབང་འགུགས་ཤུགས་ཆེ་རུ་སོང་ནས་འཛད་སྤྱོད་ཀྱི་རེ་སྒུག་གསར་པ་སྐོང་ཐུབ་པ་དང་ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་ཐུབ”ཅེས་ཧྲན་ཏུང་ཞིང་ཆེན་ཡན་ཐའེ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཀྲུའུ་ཆན་གྱིས་བཤད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་གཞུང་དང་ཁྲོམ་ར་དང་། མཁོ་སྤྲོད་དང་དགོས་མཁོ། སྲུང་སྐྱོང་དང་གསར་སྤེལ། རྒྱལ་ནང་དང་རྒྱལ་སྤྱི། འཕེལ་རྒྱས་དང་བདེ་འཇགས་བཅས་ལ་སྤྱི་འདོམས་བྱེད་དགོས་པའི་ནན་བཤད་གནང་ཡོད། དེ་ནི་ང་ཚོས་ཡུལ་སྐོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཕྱོགས་སྟོན་ཞིག་ཡིན”ཞེས་དང་མཁོ་སྤྲོད་དང་དགོས་མཁོའི་སྣེ་གཉིས་ནས་བལྟས་ན། རང་རྒྱལ་གྱི་ཡུལ་སྐོར་ལས་རིགས་ལ་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པ་གསར་པ་དང་། ལས་རྣམ་གསར་པ། བྱེད་སྟངས་གསར་པ་བཅས་དེ་བས་མང་པོ་བཏོད་ན། ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་ཐུབ་ངེས་ཡིན་ཞེས་པེ་ཅིང་མཉམ་འབྲེལ་སློབ་ཆེན་ཡུལ་སྐོར་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལིའུ་མིན་གྱིས་བཤད།

རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱས་ནས་ཕུན་སུམ་ཚོགས་པའི་ཐོན་ཁུངས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར་དགོས་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་འཁུར་སེམས་དང་བྱ་གཞག་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་ནས་ལས་བགོས་མཉམ་སྒྲུབ་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད།

ཧྲན་ཏུང་ཞིང་ཆེན་ཆུས་ཕུའུ་གྲོང་ཁྱེར་ནི་ཁུང་ཙིའི་ཕ་ཡུལ་རེད། ཉེ་བའི་ལོ་ཤས་རིང་ས་གནས་འདིས་རིག་གནས་ཡུལ་སྐོར་གྱི་ས་གཤིས་མཚོན་རྟགས་གསར་པ་བཏོད་དེ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་ཐོན་ཁུངས་དེ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཟད་མཐའ་མེད་པའི་སྒུལ་ཤུཌ་སུ་བསྒྱུར་བར། ལོ་ལྟར་ཆུས་ཕུའུ་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་པར་ཡོང་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་150ལྷག་ཙམ་ཟིན་གྱི་ཡོད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ང་ཚོས་གཞུང་འཁྱོངས་གསར་འབྱེད་དང་རིག་གནས་དང་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད”ཅེས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ཏེ། རྒྱལ་ཡོངས་ཀྱི་རིག་གནས་གྲགས་ཅན་གྲོང་ཁྱེར་རྩེ་གྲ་དང་འཛམ་གླིང་གི་རིག་གནས་ཡུལ་སྐོར་གྲགས་ཅན་གྲོང་ཁྱེར་མགྱོགས་མྱུར་སྐྲུན་གྱི་ཡིན་ཞེས་ཆུས་ཕུའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ལིས་བཤད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནི་ང་ཚོས་གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གསར་བརྗེའི་ཁྲག་རྒྱུན་འཛིན་པའི་ཟད་མཐའ་མེད་པའི་སྒུལ་ཤུགས་ཤིག་ཡིན”ཞེས་དང“ང་ཚོས་གསར་བརྗེའི་ཐོན་ཁུངས་ཟམ་མི་ཆད་པར་སྔོག་འདོན་དང་། ཡུལ་སྐོར་ཐོན་རྫས་ཕུན་སུམ་ཚོགས་སུ་གཏོང་བ། ཡུལ་སྐོར་བའི་ཉམས་ལེན་ལེགས་སུ་གཏོང་བ་བཅས་བྱས་ནས་ཏང་གི་གཏམ་རྒྱུད་དང་། རྒྱང་སྐྱོད་ཀྱི་གཏམ་རྒྱུད། དཔའ་བོའི་གཏམ་རྒྱུད་བཅས་ནུས་ཤུགས་ཡོད་རྒུས་ཡག་པོ་བཤད་དེ། ཀན་ཀྲོའུ་ཡི་གསར་བརྗེའི་ཡུལ་སྐོར་ཁྲོམ་རའི་རྒྱ་སྟོབས་ཆེ་རུ་གཏོང་གི་ཡིན”ཞེས་ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་རིག་གནས་དང་རླུང་འཕྲིན་བརྙན་འཕྲིན་གསར་འགྱུར་ཡུལ་སྐོར་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་ལི་ཅུན་རུའེ་ཡིས་བཤད།

“ཡུལ་སྐོར་ལས་རིགས་ནི་དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པའི་དམངས་འཚོའི་ཐོན་ལས་དང་བདེ་སྐྱིད་ཀྱི་ཐོན་ལས་ཤིག་ཡིན། དེ་ལས་མང་ཚོགས་ཀྱི་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་འགྲོ་ཡི་ཡོད”ཅེས་དང་ན་ནིང་ཚའོ་ཀྲུང་ཡོན་ཁྲོམ་གཞུང་གི་དུས་ཐེངས་དང་པོའི་ཁྲོམ་གཞུང་གི་སྒོ་མོ་དངོས་སུ་ཕྱེ་རྗེས་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ཁྲོམ་གཞུང་སྒྱུར་བཀོད་བྱེད་རིང་གྲོང་ཁུལ་རྙིང་པའི་སྲོལ་རྒྱུན་གྱི་རྣམ་པ་དང་སྲང་ལམ་གྱི་ཁྱད་ཆོས་ལ་གཏོར་བཤིག་མི་གཏོང་བ་དང་ཆབས་ཅིག ཡུག་ཁུལ་དེའི་ཡུལ་མིའི་འཚོ་བའི་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་ཕྱོགས་ཡོངས་ནས་ལེགས་སུ་བཏང་བར། ལོ་རྒྱུས་ཀྱི་རིག་གནས་རྒྱུན་འཛིན་བྱུང་ནས་གྲོང་ཁྱེར་གྱི་དྲན་ཤེས་སྲུང་སྐྱོབ་ཐུབ་པ་མ་ཟད། དམངས་འཚོའི་བདེ་རྩ་ཡང་ཆེ་རུ་ཕྱིན་ཡོད་ཅེས་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་ཀྲུང་ཚའོ་སི་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཡོན་ཧྲུའུ་ཡིས་བཤད།

“ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཐད་མང་ཚོགས་ཀྱི་བློ་ལ་བབས་པར་བྱ་རྒྱུ་དེ་ལས་དོན་གྱི་དམིགས་ཚད་དུ་བརྩི་བ་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མང་ཚོགས་ཀྱི་དགོས་མཁོ་གསར་པ་བསྐང་རྒྱུ་དེ་ཤུགས་རྒྱག་སར་བརྩི་བ། ཐབས་ཇུས་གནད་འཁེལ་འདོན་པ་དང་། ཕན་འབྲས་ལ་མཐོང་ཆེན་བྱེད་པ། སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་པ་བཅས་བྱས་ཏེ། རིག་གནས་དང་ཡུལ་སྐོར་ལས་དམངས་ལ་ཕན་པ་ཐོབ་པར་སྐུལ་འདེད་བཏང་ནས་རིག་གནས་དང་ཡུལ་སྐོར་གྱི་འགན་འཁྲི་མངོན་པར་བྱེད་ཀྱི་ཡིན”ཞེས་ཡོན་ཧྲུའུ་ཡིས་བཤད།

(སྤེན་ཚེ་དང་དབང་སྒྲོན་སྐྱིད་ཀྱིས་སྒྱུར་ཞུས་བྱས)