བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་སྤྱི་པའི་ཐོན་ཁུངས་ཉོ་ཚོང་སྔར་བས་ཕྱི་གསལ་ནང་གསལ་དང་ནུས་ཆེ་ཡོང་བར་སྐུལ་འདེད་བཏང་བ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་སུ་སྔོན་ལ་རྒྱང་བསྟེན་ནས་ཡུལ་གཞན་གྱི་འོས་དཔྱད་ལས་དོན་སྤེལ་བ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་གྱིས་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་སྦྲེལ་མཐུད་ཧུར་ཐག་བྱས་ནས། ཞིང་ཆེན་སྒྲོལ་བའི་ཡུལ་གཞན་གྱི་འོས་དཔྱད་རྒྱང་བསྟེན་ལས་དོན་སྤེལ་བ་དང་། ཞབས་ཞུ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ། ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས། ཁེ་ལས་ལ་སྟབས་བདེ་ནུས་ཆེ་དང་དྲང་གཞག་གཞུང་དྲང་གི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་བཏོད་ཡོད། མིག་སྔའི་བར་རྒྱང་བསྟེན་ཡུལ་གཞན་གྱི་འོས་དཔྱད་རྣམ་གྲངས་1068ལེགས་གྲུབ་ཟིན་པ་དེས་ལེགས་གྲུབ་ཟིན་པའི་རྣམ་གྲངས་བསྡོམས་འབོར་གྱི་30.75%བཟུང་ཡོད།
ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ཀྱིས་བོད་ཀྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས་མ་ལག་ལ་བརྟེན་ནས་འགན་ནུས་ཀྱི་ངེས་གནས་ལ་གཞི་ཚུགས་པ་དང་། གཙོ་གནད་ལྷུ་ཚིགས་ལ་དམ་པོར་དམིགས་པ། ཁྲོམ་རའི་བྱེད་པོའི་དགོས་མཁོར་དམིགས་པ། སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས་བསྡུ་སྒྲིལ་མཉམ་སྤྱོད་ཟབ་ཏུ་གཏོང་བ། ལམ་སྲོལ་བསྐྱར་སྐྲུན་དང་། ཚད་གཞི་བསྐྱར་འཛུགས། སྤྱོད་གཙང་འཛུགས་སྐྱོང་སོགས་ཀྱི་སྒྱུར་བཅོས་བྱེད་ཐབས་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་མུ་མཐུད་སྐུལ་འདེད་བཏང་བས། གྲངས་གཞི་མང་ཙམ་སྤྱོད་པ་དང་། ཁེ་ལས་ཕར་རྒྱུག་ཚུར་རྒྱུག་ཉུང་ཙམ་བྱེད་པ། བར་ཐག་མེད་པར་ཞབས་ཞུ་སྒྲུབ་པ། ལྟ་འདོམས་ཁུག་ཆ་མ་ལུས་པ་བཅས་མངོན་འགྱུར་ཐུབ་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། རྒྱང་བསྟེན་ཡུལ་གཞན་གྱི་འོས་དཔྱད་ལས་དོན་སྤེལ་བས་དྲ་ཐོག་གི་ཉོ་ཚོང་ལས་སྟེགས་ལ་བརྟེན་ནས་རྣམ་གྲངས་ཁོངས་གཏོགས་ཁུལ་གྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས་གཙོ་བོར་བྱེད་པ་དང་ས་ཆ་གཞན་དག་ཕལ་པར་བྱས་ནས། མིག་སྔར་ས་ཆ་གཙོ་ཕལ་18བར་མང་དུ་བཏང་བས་ས་ཁོངས་འོས་དཔྱད་ཀྱི“གྲོགས་ཚོགས”རྒྱ་ཆེར་ཕྱིན་ཡོད། རྒྱང་བསྟེན་ཡུལ་གཞན་གྱི་འོས་དཔྱད་ཀྱིས་ས་ཁོངས་ཀྱི་སྲུང་བཅད་གཏོར་བ་དང་། ཉོ་ཚོང་གི་མ་གནས་དམའ་རུ་གཏོང་བ། ནུས་ཆེ་དང་སྟབས་བདེའི་ཞབས་ཞུ་སྒྲུབ་པ་བཅས་དང་ཆབས་ཅིག ཕུལ་བྱུང་རིགས་གཅིག་མཁས་ཅན་གྱི་ཐོན་ཁུངས་དཀོན་པ་དང་། རིགས་གཅིག་མཁས་ཅན་གྱི“ངོ་ཤེས་རྙིང་པ”དང“སྐོར་རྔོན་རྒྱག་པ”སོགས་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ནས། ཉོ་ཚོང་གི་དྲང་གཞག་རང་བཞིན་དང་ཁ་གསལ་ཚད་ཆེ་རུ་བཏང་སྟེ། སྲིད་གཙང་གི་སྔོན་འགོག་དང་ཚོད་འཛིན་དེ“ཆད་སྐྱོན་སེལ་བ”ནས“འགོག་སྲུང་འཛིང་རགས་མང་བ”བར་བསྒྱུར་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་གཞིས་རྩེ་གྲོང་ཁྱེར་གྱིས་མཉེན་ཆས་དང་མཁྲེགས་ཆས་ཀྱི་སྒྲིག་བཀོད་དང་། རིགས་གཅིག་མཁས་ཅན་གྱི་ཐོན་ཁུངས་མཉམ་སྤྱོད། ས་ཁོངས་སྲུང་བཅད། ལག་རྩལ་མཁར་རྫོང་བཅས་ཀྱི་ཚོད་འཛིན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། རྒྱང་བསྟེན་ཡུལ་གཞན་གྱི་འོས་དཔྱད་ལས་དོན་སྤེལ་བའི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱ་རྒྱུ་ཡིན་པ་རེད།
(མཚམས་གཅོད་ཀྱིས་བསྒྱུར། བསོད་བདེ་ཆེ་བས་ཞུས)