འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་སློབ་གསོ་པུའུ་ཡིས་བརྡ་ཐོ་བཀྲམ་ནས་དུས་རབས་གསར་པའི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྲགས་ཅན་དང་སློབ་སྤྱི་གྲགས་ཅན་གསོ་སྐྱོང་གི་འཆར་གཞི་དུས་ཐེངས་གསར་པ(2024ལོ་ནས་2027ལོའི་བར)(གཤམ་དུ“གྲགས་ཅན་གཉིས་ཀྱི་འཆར་གཞི”ཞེས་བསྡུ་རྒྱུ)བཀོད་སྒྲིག་དང་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། དེའི་དམིགས་ཡུལ་ནི་སློབ་གསོའི་འདུ་ཤེས་ཟབ་པ་དང་། སློབ་ཁྲིད་བྱེད་སྟངས་ཚགས་ཚུད་པ། རྨང་གཞིའི་སློབ་གསོའི་སྒྱུར་བཅོས་འཕེལ་རྒྱས་ལ་སྣེ་ཁྲིད་ཐུབ་པ་བཅས་ཀྱི་སློབ་གསོ་མཁས་ཅན་རྣམ་པའི་དགེ་རྒན་དང་སློབ་སྤྱི་དེ་བས་མང་བ་གསོ་སྐྱོང་བྱ་ཆེད་ཡིན་པ་རེད།
“གྲགས་ཅན་གཉིས་ཀྱི་འཆར་གཞིའི”གསོ་སྐྱོང་བྱ་ཡུལ་ནི་སྤྱིར་བཏང་གི་སློབ་གྲྭ་འབྲིང་ཆུང་དང་། བུ་བཅོལ་ཁང་། དམིགས་བསལ་སློབ་གསོའི་སློབ་གྲྭ་བཅས་འཐབ་ས་དང་པོར་སློབ་གསོ་སློབ་ཁྲིད་དང་དོ་དམ་ལས་དོན་སྤེལ་མཁན་དགེ་རྒན་དང་། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི། སློབ་སྤྱི་དང་ཡོན་ཀྲང་བཅས་དང་དེ་བཞིན་དགེ་རྒན་འཕེལ་རྒྱས་སྒྲིག་གཞིར་སློབ་གསོ་སློབ་ཁྲིད་ཞིབ་འཇུག་བྱེད་མཁན་དང་འཐབ་ས་དང་པོའི་ལག་ལེན་ལ་མཛུབ་ཁྲིད་བྱེད་མཁན་སློབ་དཔྱོད་པ་བཅས་ཡིན་པ་རེད། འདི་ལོ་གསོ་སྐྱོང་རྟེན་གཞིར་བརྟེན་ནས་བདམས་ཐོན་བྱུང་བའི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དང་སློབ་སྤྱི་ཕུལ་བྱུང་300ཙམ་ལ་དུས་ཡུན་ལོ་གསུམ་གྱི་གཅིག་སྡུད་གསོ་སྐྱོང་བྱེད་རྩིས་ཡོད་པ་རེད། དེ་དང་ཆབས་ཅིག་ཆུ་ཚད་མཐོ་བའི་ཕྱོགས་བསྡུས་སློབ་ཆེན་ཁག་གཅིག་གསར་དུ་བསྣན་ནས“གྲགས་ཅན་གཉིས་ཀྱི་འཆར་གཞིའི”དགེ་རྒན་གྲགས་ཅན་དང་སློབ་སྤྱི་གྲགས་ཅན་གྱི་གསོ་སྐྱོང་རྟེན་གཞིར་བརྩིས་ཏེ། གསོ་སྐྱོང་གི་ལས་འགན་འཁུར་རྒྱུ་ཡིན་པ་དང་གསོ་སྐྱོང་རྟེན་གཞི་ཁྱོན་32ཡོད་པ་རེད།
དུས་སྐབས་གསར་པའི“གྲངས་ཅན་གཉིས་ཀྱི་འཆར་གཞིའི”ནང་དགེ་རྒན་གྲགས་ཅན་དང་སློབ་སྤྱི་གྲགས་ཅན་གྱི་ལས་དོན་ཁང་བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། དགེ་རྒན་གྲགས་ཅན་དང་སློབ་སྤྱི་གྲགས་ཅན་གསོ་སྐྱོང་དང་སྣེ་ཁྲིད་སྐུལ་ཁྲིད་ཀྱི་ལམ་སྲོལ་འཚོལ་ཞིབ་བྱས་ཏེ་ས་ཁོངས་ནང་གི་དགེ་རྒན་དང་སློབ་སྤྱིའི་དཔུང་ཁག་གི་བྱང་ཚད་སྤྱི་ཡོངས་ནས་མཐོ་རུ་གཏོང་བར་སྐུལ་ཁྲིད་བྱེད་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་སློབ་གསོའི་རོགས་སྐྱོར་གྱི་ལས་འགན་འཁུར་རྒྱུ་དེ་གསོ་སྐྱོང་གི་ནང་དོན་གལ་ཆེན་དུ་བརྩིས་ནས་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་དུ་ལག་ལེན་བྱེད་ས་བཙུགས་ཏེ་སློབ་གྲྭར་བཅའ་སྡོད་སློབ་སྐྱོར་དང་། དྲ་ཐོག་ཏུ་མཉམ་འབྲེལ་སློབ་དཔྱོད། ཞིབ་འཇུག་བྱ་གཞིར་མཉམ་དུ་ཞིབ་འཇུག་སོགས་ཀྱི་བྱ་ཐབས་བརྒྱུད་གནད་སྨིན་རོགས་སྐྱོར་ལམ་སྲོལ་འཛུགས་རྒྱུ་ཡིན་པ་རེད།
(བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)