《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月19日

སྡེ་ཚན་ལྔ་ཡིས་མཉམ་དུ་བརྡ་ཐོ་བཀྲམ་སྟེ།

ད་ལོ་ནུས་རྒྱུ་གསར་པའི་རླངས་འཁོར་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་བྱེད་སྒོ་གཉེར་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་16ཉིན་གློག་འཕྲིན་འབྱོར་གསལ། གྲོང་གསེབ་ས་ཁུལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་འཛད་སྤྱོད་དང་བེད་སྤྱོད་ཀྱི་ཞན་ཆ་མགྱོགས་མྱུར་སེལ་བ་དང་། ཡུལ་མིའི་ལྗང་མདོག་དང་བདེ་འཇགས་འགྲུལ་བཞུད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྒུལ་ཤུགས་སྦྱིན་པ་བཅས་བྱ་ཆེད། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སོགས་སྡེ་ཚན་ལྔ་ཡིས་ཉེ་ཆར་མཉམ་དུ་བརྡ་ཐོ་བཀྲམ་ནས་2024ལོར་ནུས་རྒྱུ་གསར་པའི་རླངས་འཁོར་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་བྱེད་སྒོ་གཉེར་བ་རེད། ད་རེས་ཀྱི་བྱེད་སྒོ་གཉེར་ཡུན་ནི་ཟླ་བ་5པ་ནས་ཟླ་བ་12པའི་བར་ཡིན་ཞིང་། གྲོང་གསེབ་ཀྱི་ཁྲོམ་རར་འཚམ་པ་དང་། གདེང་འཇོག་ལེགས་པ། སྤུས་ཚད་བློས་འགེལ་ཆོག་པ་བཅས་ཀྱི་ནུས་རྒྱུ་གསར་པའི་རླངས་འཁོར་མི་འདྲ་བ་ཁག་99བདམས་ནས་གཅིག་སྡུད་འགྲེམས་སྟོན་དང་། རླངས་འཁོར་ནང་སྡོད་པ་དང་ཚོད་གཏོང་བྱེད་པ་སོགས་ཀྱི་བྱེད་སྒོ་གཉེར་ཏེ་འཛད་སྤྱོད་ཉམས་ལེན་ཕུན་སུམ་ཚོགས་སུ་གཏོང་བ་དང་གདམ་ག་སྣ་མང་ཅན་མཁོ་འདོན་བྱས་པ་རེད།

བརྡ་ཐོའི་ནང་ཁ་གསལ་བཏོན་དོན། ནུས་རྒྱུ་གསར་པའི་རླངས་འཁོར་ཁྱབ་གདལ་དང་བེད་སྤྱོད་ཀྱི་བསྡུར་ཚད་མཐོ་པོ་མེད་པ་དང་འབྱུང་འགྱུར་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་ཆེ་བའི་དཔེ་མཚོན་རྫོང་ཁོངས་ཁག་གཅིག་བདམས་ཏེ་ཆེད་དོན་བྱེད་སྒོ་གཉེར་ནས་དེ་ལྟེ་བར་བྱས་ནས་མཐའ་འཁོར་གྱི་ཤང་དང་གྲོང་རྡལ་དུ་ཁྱབ་པ་དང་། ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཁྱད་ལྡན་བྱེད་སྒོ་ཁག་གཅིག་སྤེལ་ཏེ“1+N”བྱེད་སྒོའི་བཀོད་པ་ཆགས་པར་བྱེད་པ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་ཁེ་ལས་དང་། ཕྱིར་འཚོང་ཁེ་ལས། དངུལ་རྩའི་སྒྲིག་གཞི། གློག་གསོག་དང་གློག་རྫས་བརྗེ་བའི་སྒྲིག་བཀོད་ཁེ་ལས། ཕྱིར་འཚོང་དང་བཙོངས་རྗེས་ཀྱི་ཞབས་ཞུའི་ཁེ་ལས་བཅས་ཧུར་ཐག་ཞུགས་པར་སྐུལ་མ་གཏོང་བ་དང་། རྙིང་ཚབ་གསར་བརྗེ་དང་རྫོང་ཁོངས་ཀྱི་གློག་གསོག་དང་གློག་རྫས་བརྗེ་བའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བ་སོགས་རྒྱབ་སྐྱོར་སྲིད་ཇུས་དང་ཟུང་འབྲེལ་བྱས་ནས། བྲིན་སྐུལ་ཇུས་གཞི་བཟོས་ཏེ་བཙོངས་རྗེས་ཀྱི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། བྱེད་སྒོ་དེ“ཡུལ་དངོས་དང་དྲ་ཐོག”ཟུང་འབྲེལ་གྱིས་གཉེར་ཞིང་། དྲ་ཕྱིའི་བྱེད་སྒོ་དེ་དཔེ་མཚོན་རྫོང་ཁོངས་ཀྱི་ཆེད་དོན་བྱེད་སྒོ་དང་མཐའ་འཁོར་ཤང་དང་གྲོང་རྡལ་གྱི་ཁྱད་ལྡན་བྱེད་སྒོ་ཟུང་འབྲེལ་གྱི་བྱེད་ཐབས་ཐོག་ནས་གཉེར་བ། དྲ་ཐོག་བྱེད་སྒོར་གཙོ་བོ་དྲ་ཐོག་འགྲེམས་ཚོང་དང་ཐད་གཏོང་མཉམ་འགུལ་སོགས་ཚུད་པ། དྲ་ཐོག་ཚོང་དོན་དང་དྲ་སྦྲེལ་ལས་སྟེགས་བརྒྱུད་དྲ་ཕྱིའི་བྱེད་སྒོ་དང་གཞོགས་འདེགས་བྱས་ནས་གཉེར་གྱི་ཡོད་པ་རེད། (གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཚེ་སྒྲོལ་གྱིས་ཞུས)