《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月19日

རང་རྒྱལ་གྱིས་བྱང་ཚད་མཐོ་བའི་ཞིང་པ་ཁྲི་900ལྷག་ཙམ་གསོ་སྐྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་ཧྲའན་ཤིས་ཞན་དབྱང་ནས་ཟླ་5ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན། ཞིང་ལས་དང་གྲོང་གསེབ་པུས་ཧྲའན་ཤིས་ཞིང་ཆེན་ཞན་དབྱང་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་གྲོང་གསེབ་ཤེས་ལྡན་པའི་ལས་དོན་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་ཁོངས་གཏོགས་ཀྱིས་གྲོང་གསེབ་ཀྱི་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་བར་ཤུགས་སྣོན་བརྒྱབ་ནས་མི་གྲངས་ཁྲི་40ལྷག་ཙམ་ཡོད་པའི་ཞིང་ལས་ཚན་ཞིབ་དཔུང་ཁག་ཅིག་གྲུབ་པ་དང་། སྣེ་ཁྲིད་པ་ཁྲི་3.6གིས་སྣེ་འཁྲིད་པ་དང་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་ཁྲི་620ལྷག་ཙམ་རྗེས་སུ་འབྲངས་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་དཔུང་ཁག་ཅིག་བཏོད་པ་དང་། རིམ་རྩིས་བརྒྱབ་ན་བྱང་ཚད་མཐོ་བའི་ཞིང་པ་ཁྲི་900ལྷག་ཙམ་གསོ་སྐྱོང་བྱས་ཏེ། ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་རྒྱུན་མཐུད་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་ཡོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

འབྱུང་འགྱུར་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་ཤེས་ལྡན་པ་དགོས་མཁོ་ཆེ་བ་དང་ཁ་ཐང་བར་དམིགས་ནས་རིགས་དབྱེ་ཇུས་བསྟར་གྱིས་གྲོང་གསེབ་ཀྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་རེད། ལས་སྟེགས་ཀྱི་གཞི་རྟེན་ཧུར་ཐག་འཛུགས་པ་དང་། ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན། གདེང་འཇོག་ལམ་སྲོལ་གསར་གཏོད་བཅས་བྱས་ཏེ་གཙོ་གནད་ཐོག་དཔུང་ཁག་ལྔ་འཛུགས་རྒྱུ་སྟེ། ཐོན་སྐྱེད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་ལ་དམིགས་ནས་དངོས་སྒྲུབ་སྤྱོད་གོ་ཆོད་པའི་གསོ་སྦྱོང་ཡག་པོ་གཉེར་བ་དང་ཡུན་རིང་རྗེས་སྙེག་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཆུ་ཚད་མཐོ་བའི་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་གི་སྣེ་ཁྲིད་དཔུང་ཁག་སྟོབས་ཆེར་གཏོང་རྒྱུ་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་བཀོལ་སྤྱོད་ལ་དམིགས་ནས་གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་མ་ལག་གི་སྤྱི་ཕན་རང་བཞིན་གྱི་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་། ཞིང་ལས་དང་འབྲེལ་བ་ཡོད་པའི་སློབ་གླིང་གིས་ཞིང་ལས་ལག་རྩལ་ཁྱབ་གདལ་གྱི་ཞབས་ཞུའི་རྣམ་པ་འཚོལ་ཞིབ་བྱ་རྒྱུར་ཁྲིད་སྟོན་བྱེད་པ། ཕྱོགས་ཁག་གི་སྟོབས་ཤུགས་དང་མཐུན་སྦྱོར་བྱས་ནས་ཞབས་ཞུའི་དྲ་རྒྱ་འཛུགས་པ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་ཞིང་ལས་ལག་རྩལ་ཁྱབ་གདལ་གྱི་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་རྒྱུ། ཞིང་པའི་ལས་ཞུགས་འབབ་འཕར་ལ་དམིགས་ནས་ལས་རིགས་གསར་སྤེལ་དང་གདེང་འཇོག་ངོས་འཛིན་ལ་སྐུལ་འདེད་གཏོང་བ་དང་། གསོ་སྐྱོང་མ་ལག་ཡག་པོ་འཛུགས་པ། འདེམས་སྒྲུག་ལས་སྟེགས་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ་ལག་རྩལ་མཐོ་བའི་ཞིང་ལས་དང་གྲོང་གསེབ་ཀྱི་རྩལ་ནུས་ཤེས་ལྡན་པའི་དཔུང་ཁག་ཅིག་གཏོད་རྒྱུ། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་བསྐྲུན་རྒྱུར་དམིགས་ནས་ཆེད་ལས་ཤེས་ལྡན་པའི་གཤམ་སྐྱོད་ཞབས་ཞུར་སྐུལ་འདེད་གཏོང་བ་དང་ས་སྐྱེས་རྡོ་སྐྱེས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བརྒྱུད། ཧ་ཅང་འོས་ཤིང་འཚམ་པའི་གྲོང་གསེབ་ཀྱི་འཆར་འགོད་འཛུགས་སྐྲུན་ཤེས་ལྡན་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱ་རྒྱུ། “ཞིང་གསུམ”སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་དམིགས་ཏེ“ཞིང་གསུམ”སྲིད་ཇུས་ཀྱི་གསོ་སྦྱོང་གསལ་འགྲེལ་དང་ལས་ཀ་བྱེད་སྟངས་དང་བྱ་ཐབས་མཛུབ་ཁྲིད་སོགས་ལ་ཤུགས་སྣོན་བརྒྱབ་སྟེ་བྱང་ཚད་མཐོ་བའི་གྲོང་གསེབ་བཅོས་སྐྱོང་གི་ཤེས་ལྡན་པའི་དཔུང་ཁག་རྩེ་གྲྭ་ཞིག་གསོ་སྐྱོང་བྱ་རྒྱུ་བཅས་རེད།

(ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)