ལོ་65ཡི་གོང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་དུ་གཟི་རླབས་དགུང་དུ་འཕྱུར་བའི་དམངས་གཙོའི་བཅོས་སྒྱུར་བྱས་ཏེ། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་དུ་བཏང་ནས་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལམ་བུ་བཏོད་ཡོད། དམངས་གཙོའི་བཅོས་སྒྱུར་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་སྤྱི་ཚོགས་ཀྱི་འཕོ་འགྱུར་རླབས་ཆེ་ཤོས་དང་གཏིང་ཟབ་ཤོས་ཤིག་དང་། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་དུས་རབས་འབྱེད་པའི་དོན་ཆེན་ཞིག་རེད་ལ། མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་རྒྱུས་ཐོག་དོན་སྙིང་གལ་ཆེན་ལྡན་པའི་ཡར་ཐོན་ཞིག་ཀྱང་རེད།
འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་རླབས་རྒྱུན་དང་མཐུན་ཞིང་། ཞིང་བྲན་ལམ་ལུགས་ནི་ཆེས་གདུག་རྩུབ་དང་ཀླ་ཀློ། རྗེས་ལུས་བཅས་ཀྱི་སྤྱི་ཚོགས་ཀྱི་ལམ་ལུགས་ཤིག་ཡིན་ཞིང་། མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་དང་རླབས་རྒྱུན་ལས་ཚབས་ཆེན་འགལ་ནས་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་དང་ཡར་ཐོན་ལ་འགོག་རྐྱེན་ཆེན་པོ་བཟོས་ཡོད། 1948ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི《འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་བསྒྲགས་གཏམ》ནང་། “མི་སུ་འདྲ་ཞིག་ཡིན་རུང་བྲན་གཡོག་གམ་བྲན་དུ་བཀོལ་མི་རུང་། རྣམ་པ་གང་རུང་གི་བྲན་གཡོག་ལམ་ལུགས་དང་བྲན་གཡོག་ཉོ་ཚོང་བྱེད་རིགས་ཚང་མར་བཀག་འགོག་བྱེད་དགོས”ཞེས་གཏན་འབེབས་ཁ་གསལ་བྱས་ཡོད། 1956ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས《བྲན་གཡོག་ལམ་ལུགས་དང་བྲན་གཡོག་ཉོ་ཚོང་། དེ་བཞིན་བྲན་གཡོག་ལམ་ལུགས་དང་འདྲ་བའི་ལམ་ལུགས་དང་གོམས་སྲོལ་མེད་པར་བཟོ་བའི་གསབ་སྣོན་སྤྱི་ཆིངས》ལ་གྲོས་འཆམ་བྱུང་ཡོད་མོད། འོན་ཀྱང་དུས་རབས་20པའི་དུས་དཀྱིལ་དུ་བོད་དུ་སྔར་བཞིན་ཞིང་བྲན་ལམ་ལུགས་རང་སོར་གནས་ཡོད། “བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་རྩ་མེད་དུ་བཏང་བ་ནི་ཡར་ཐོན་གྱི་སྤྱི་ཚོགས་རྣམ་པས་རུལ་འགྱུར་གྱི་སྤྱི་ཚོགས་རྣམ་པའི་ཚབ་བྱེད་པའི་ལྡོག་མེད་ཀྱི་འབྲས་བུ་ཞིག་རེད་ལ། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་རེད།
བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་རེ་སྒུག་དང་འཚམ་ཞིང་། ཞི་བས་བཅིངས་འགྲོལ་བཏང་རྗེས། བོད་ཀྱི་ལོ་རྒྱུས་དང་དོན་དངོས་ཀྱི་དམིགས་བསལ་གནས་ཚུལ་ལ་གཞིགས་ནས་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ཀྱི་བཅོས་སྒྱུར་ཐད་ཆེས་གཟབ་ནན་གྱི་རྣམ་འགྱུར་དང་བཟོད་སྒོམ་གྱི་སྲིད་ཇུས་སྤྱད་པ་དང་། 《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་གྲོས་མཐུན》ནང“བོད་དང་འབྲེལ་བ་ཡོད་པའི་བཅོས་སྒྱུར་གྱི་དོན་ཚན་ཁག་ལ་ཀྲུང་དབྱང་གིས་བཙན་ཤེད་མི་བྱེད་པ་དང་། བོད་ས་གནས་སྲིད་གཞུང་གིས་ངེས་པར་དུ་རང་འགུལ་ངང་བཅོས་སྒྱུར་བྱེད་དགོས་ཤིང་། མི་དམངས་ཀྱིས་བཅོས་སྒྱུར་གྱི་རེ་བ་འདོན་སྐབས་བོད་ཀྱི་འགོ་ཁྲིད་མི་སྣ་དང་གྲོས་མོལ་བྱེད་ཐབས་སྤྱད་དེ་ཐག་གཅོད་བྱེད་དགོས་ལུགས”གཏན་འབེབས་ཁ་གསལ་བྱས་ཡོད། དོན་དངོས་ཐོག་དུས་ཡུན་རིང་པོར་ཞིང་བྲན་བདག་པོའི་གྲལ་རིམ་གྱི་གཉའ་གནོན་དང་བཤུ་གཞོག་ཕོག་པའི་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག འབྲིང་རིམ་དང་མཐོ་རིམ་གྱི་བསམ་ཤེས་ཅན་མང་པོས་བཏོན་པའི་བཅོས་སྒྱུར་གྱི་རེ་འབོད་རིམ་བཞིན་ཆེ་རུ་ཕྱིན་ལ། ལྷག་པར་དུ་ཞི་བས་བཅིངས་འགྲོལ་བཏང་རྗེས། ཀྲུང་དབྱང་གིས་ནོར་ཤུགས་དང་དངོས་ཤུགས་འབོར་ཆེན་བཏང་ནས་བོད་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་བས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བསྡུར་བའི་ཁྲོད་ནས་དམངས་གཙོའི་བཅོས་སྒྱུར་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་ཚེ་གཞི་ནས་འགྲོ་བ་མིའི་ཐོབ་ཐང་ཁག་འགན་ལེན་ནུས་ལྡན་ཐུབ་པ་མཐོང་ཡོད།
མིའི་བྱེད་པོའི་རིན་ཐང་དང་ལ་རྒྱ་སྲུང་སྐྱོང་བྱས་ཤིང་། འགྲོ་བ་མིའི་ཐོབ་ཐང་ནི་མི་ཁག་གཅིག་གམ་ཉུང་ཤས་ཀྱིས་ལོངས་སུ་སྤྱོད་པའི་དམིགས་བསལ་དབང་ཆ་ཞིག་མ་ཡིན་པར། རྒྱ་ཆེའི་མི་དམངས་མང་ཚོགས་ལ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་ཀུན་ཕན་རང་བཞིན་གྱི་འགྲོ་བ་མིའི་ཐོབ་ཐང་ཡིན། འོན་ཀྱང་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་འོག་སྡེ་པ་གཞུང་དང་། སྐུ་དྲག དགོན་སྡེའི་མཐོ་རིམ་གྲྭ་བཙུན་བཅས་མངའ་བདག་ཆེན་པོ་གསུམ་ལས་གྲུབ་པའི་ཞིང་བྲན་བདག་པོའི་གྲལ་རིམ་ལ་དམིགས་བསལ་དབང་ཆ་སྣ་ཚོགས་ལོངས་སུ་སྤྱོད་དབང་ཡོད། རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་ནི“སྐད་ཆ་ཤོད་ཤེས་པའི་ལག་ཆ”ཙམ་ལས་འགྲོ་བ་མིའི་ཐོབ་ཐང་ཟེར་བ་ལོངས་སུ་དབང་མེད། དམངས་གཙོའི་བཅོས་སྒྱུར་བྱས་པ་ལས་ཞིང་བྲན་དང་བྲན་གཡོག་ཁྲི་ཚོ་བརྒྱ་བཀས་བཀོད་རྒྱུད་འཛིན་གྱི་མི་ལུས་གཞན་བརྟེན་གྱི་འབྲེལ་བ་དང་ལམ་ལུགས་ཀྱི་ལྕགས་སྒྲོག་ལས་ཐར་ནས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོ་དང་། རང་ཉིད་ཀྱི་ལས་དབང་ལ་ཁ་ལོ་སྒྱུར་བའི་བདག་པོ། འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད་པའི་བྱེད་པོ་བཅས་སུ་གྱུར་ཏེ། མིའི་བྱེད་པོའི་རང་བཞིན་མངོན་པ་དང་མིའི་བཅིངས་འགྲོལ་དང་རང་དབང་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་མངོན་འགྱུར་ལ་གོ་སྐབས་བསྐྲུན་པ་རེད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། དམངས་གཙོའི་བཅོས་སྒྱུར་ནི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཆོས་ལུགས་སོགས་ཁྱབ་ཁོངས་མང་པོར་འབྲེལ་བ་ཡོད་ལ། གྲོང་གསེབ་དང་། འབྲོག་ཁུལ། དགོན་སྡེ། གྲོང་ཁྱེར་དང་གྲོང་རྡལ་སོགས་སུ་གཅིག་རྗེས་གཉིས་མཐུད་ངང་སྤེལ་ཏེ། དམངས་གཙོའི་བཅོས་སྒྱུར་གོ་སྐབས་སུ་བྱས་ནས་བོད་དུ་མི་རིགས་ཁག་གི་མི་དམངས་ལ་འགྲོ་བ་མིའི་ཐོབ་ཐང་སྣ་ཚོགས་ཡོངས་ཁྱབ་ངང་ལོངས་སུ་སྤྱོད་རྒྱུ་ཡོད་པའི་ལོ་རྒྱུས་ཀྱི་དུས་རབས་གསར་པ་བཏོད་ཡོད། གཅིག་ནས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། གཞི་རིམ་མང་ཚོགས་རང་སྐྱོང་ལམ་ལུགས་བཅས་བོད་དུ་ལག་བསྟར་དོན་འཁྱོལ་བྱས་པས། རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་ཚོར་རང་ཁྱིམ་རང་བདག་གི་དམངས་གཙོའི་དབང་ཆ་ཐེངས་དང་པོ་ཐོབ་པ་དང་། ཡར་ལངས་ཞིང་བྲན་དང་བྲན་གཡོག་མང་པོ་ཞིག་གིས་རང་སྐྱོང་ལྗོངས་ཀྱི་རིམ་ཁག་འགོ་ཁྲིད་ལས་གནས་ཀྱི་འགན་འཁུར་བ། མི་རིགས་ཁག་གི་མི་དམངས་ལ་ཆབ་སྲིད་ཀྱི་དབང་ཆ་རྒྱ་ཁྱབ་དང་གང་ལེགས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། གཉིས་ནས་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་ལ་ས་ཞིང་དང་། ཐོན་སྐྱེད་ཡོ་བྱད། ཐོན་སྐྱེད་རྒྱུ་ཆ་བཅས་བགོས་ནས། སྔར་བྱུང་མྱོང་མེད་པའི་ཐོན་སྐྱེད་ཀྱི་སྤྲོ་སེམས་དང་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་དང་། བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་དང་རིག་གནས་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཏེ་གཞི་རྩའི་འཚོ་བའི་ཆུ་ཚད་ཀྱི་དབང་ཆ་དང་། སྤྱི་ཚོགས་ཀྱི་འགན་ལེན་དབང་ཆ། སློབ་གསོ་ཐོབ་པའི་དབང་ཆ། ལས་ཞུགས་ཀྱི་དབང་ཆ། བདེ་ཐང་གི་དབང་ཆ་བཅས་འགན་ལེན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། གསུམ་ནས་ཆོས་སྲིད་ཟུང་འབྲེལ་ནས་ཆོས་སྲིད་ལོགས་དབྱེའི་ཕྱོགས་སུ་བསྐྱོད་ནས། ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་ལེན་བསྟར་བ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་རྣམས་ལྷ་དབང་བྲན་བཀོལ་གྱི་བསམ་པའི་ལྕགས་སྒྲོག་ལས་ཐར་ཏེ། ཆོས་དད་རང་མོས་ལ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་འགན་ལེན་ནུས་ལྡན་བྱས་ཡོད། བཞི་ནས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་དང་དར་སྤེལ་བཏང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་མི་རིགས་ཁག་གི་མི་དམངས་ཀྱི་རིག་གནས་ཁེ་དབང་འགན་ལེན་ཏན་ཏིག་བྱུང་ཡོད། ལྔ་ནས་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འགན་ལེན་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་ཁྲིམས་སྐྱོང་ཅན་གྱི་འགན་ལེན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།
ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་ལམ་ལུགས་ཀྱི་ལེགས་ཆ་མངོན་ཞིང་། དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65སོང་རིང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག བོད་དུ“དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད”ཀྱི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་ནས་འགྲོ་བ་མིའི་ཐོབ་ཐང་འགན་ལེན་གྱི་ཆུ་ཚད་ཁག་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱ་རྒྱུ་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་ལས་དོན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་བ་དང་། བོད་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་ལེགས་སུ་ཕྱིན་པ་དང་། དཔལ་འབྱོར་འཛུགས་སྐྲུན་ཕྱོགས་ཡོངས་ནས་འཕེལ་རྒྱས་མྱུར་པོ་བྱུང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་མཐུད་ཡག་ཏུ་ཕྱིན་པ། མི་རིགས་འཆམ་མཐུན་དང་ཆོས་ལུགས་ཞི་དུལ། རིག་གནས་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས། སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཉིན་རེ་བཞིན་བརྟན་དུ་ཕྱིན་པ། མཐའ་མཚམས་བརྟན་ལྷིང་དང་བདེ་འཇགས་ཡོད་པ། ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད། དམངས་གཙོའི་བཅོས་སྒྱུར་མེད་ན་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་དབང་འགན་ལེན་གང་ལེགས་མི་ཐུབ་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་ཡང་ཡོང་མི་སྲིད་པས། དམངས་གཙོའི་བཅོས་སྒྱུར་ནི་རྦད་དེ་ཡང་དག་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ལག་ལེན་ལས་ར་སྤྲོད་གང་ལེགས་ཐུབ་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བཅས་བྱས་ཚེ་གཞི་ནས་བོད་ཡུན་རིང་བདེ་འཁོད་དང་དར་རྒྱས་གོང་འཕེལ་ཡོང་བར་རྩ་བའི་འགན་ལེན་ཐུབ་པ་དང་། གཞི་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་ཐུབ།
(རྩོམ་པ་པོ་ནི་ཁྲུང་ཆིང་གྲོང་ཁྱེར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་ཞིབ་འཇུག་ལྟེ་གནས་ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་ཡན་ལག་ལྟེ་གནས་ཀྱི་ཆེད་བསྐོས་ཞིབ་འཇུག་པ་ཡིན)