ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་རེས་སྐོར་ཀྲུའུ་ཞི་པ་རེན་གྱི་རྒྱལ་པོ་ཧ་མ་ཏེར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་33པ་མེ་ན་མེ་རུ་འཚོགས་པར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཨ་རབ་མནའ་འབྲེལ་གྱིས་དུས་ཡུན་རིང་པོར་ཨ་རབ་འཛམ་གླིང་མཉམ་འབྲེལ་རང་སྟོབས་ལ་སྐུལ་འདེད་གཏོང་བ་དང་འཛམ་གླིང་དབུས་ཤར་ས་ཁུལ་ཞི་བདེ་དང་བརྟན་ལྷིང་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་གཞོལ་བཞིན་ཡོད། ཉེ་བའི་ལོ་ཤས་རིང་འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་ཀྱི་མདུན་དུ་ཨ་རབ་རྒྱལ་ཁབ་ཀྱིས་རང་བཙན་རང་བདག་མཐའ་འཁྱོངས་དང་། འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བ། དྲང་གཞག་དྲང་བདེན་བརྟན་སྲུང་། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བཅས་བྱས་ཏེ“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་པར་དེ་བས་གལ་འགངས་ཆེ་བའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་ཀྲུང་ཨའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། 2022ལོའི་ཟླ་12པར་ང་དང་ཨ་རབ་རྒྱལ་ཁབ་ཀྱི་འགོ་ཁྲིད་མཉམ་དུ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་དབུ་ཚོགས་སྐབས་དང་པོར་ཞུགས་ནས། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་འཆར་གཞི་ཕྱོགས་ཡོངས་ནས་བཏིང་བ་དང་། དུས་རབས་གསར་པར་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ནུས་ཤུགས་ཡོད་རྒུས་འཛུགས་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་བྱས་པ་ཡིན། ལོ་གཅིག་ལྷག་ཙམ་རིང་། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟམ་མི་ཆད་པར་ཟབ་ཏུ་སོང་བ་དང་། དངོས་སྒྲུབ་མཉམ་ལས་ཀྱི་སྐྱེ་སྟོབས་ཀྱི་དཔལ་འབར་བ། མི་ཆོས་རིག་གནས་ཀྱི་སྤེལ་རེས་སྣ་མང་ཕུན་སུམ་ཚོགས་པ་བཅས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། འབྱུང་འགྱུར་ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་རྒྱལ་ཁབ་དང་མཉམ་དུ་ཀྲུང་ཨའི་མཛའ་གྲོགས་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས། ཆུ་ཚད་དེ་བས་མཐོ་བའི་ཀྲུང་ཨའི་ལས་དབང་གཅིག་མཐུན་ཚོགས་པ་བཏོད་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་འདོད་ཡོད། ཟླ་བ་འདིའི་ཟླ་མཇུག་ཏུ། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མཉམ་ལས་ཀྱི་གླེང་སྟེགས་སྐབས་བཅུ་པའི་པུའུ་ཀྲང་རིམ་པའི་ཚོགས་འདུ་པེ་ཅིང་དུ་འཚོག་རྒྱུ་རེད། ཕྱོགས་གཉིས་པོས་པུའུ་ཀྲང་ཚོགས་འདུ་སྐབས་བཅུ་པ་གོ་སྐབས་སུ་བྱས་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས་ཀྲུང་ཨ་ཕྱོགས་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་རྒྱུའི་རེ་བ་ཡོད།
(པ་ཕན་གྱིས་བསྒྱུར། ལྷག་ཚེས་ཞུས)