ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་16ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་རྗེས་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཙུང་ཐུང་ཕུའུ་ཅིང་གིས་ད་ཐེངས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་དེ་ནི་ཁོང་གི་སྐབས་གསར་པའི་ཙུང་ཐུང་གི་འགན་ཡུན་ནང་གི་འཚམས་འདྲི་ཐེངས་དང་པོ་དེ་ཡིན་པས་ཙུང་ཐུང་ཕུའུ་ཅིང་རང་ཉིད་དང་ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་པ་གང་ལེགས་མཚོན་ཡོད། ཙུང་ཐུང་ཕུའུ་ཅིང་འཚམས་འདྲིར་ཕེབས་པར་ངས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན། ད་གིན་ངས་ཙུང་ཐུང་ཕུའུ་ཅིང་དང་མཉམ་དུ་ཟོལ་མེད་མཛའ་མཐུན་དང་ནང་དོན་ཕུན་སུམ་ཚོགས་པའི་གྲོས་མོལ་བྱས་ཏེ་ཕྱི་འབྲེལ་བཙུགས་ནས་ལོ་75རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་བྱུང་བའི་གྲུབ་འབྲས་ཀྱི་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་། ཕྱོགས་གཉིས་པོའི་འབྲེལ་བ་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་པ། དུས་མཚམས་རྗེས་མའི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ཐད་འཆར་འགོད་དང་བཀོད་སྒྲིག་བྱས་པ་ཡིན། ང་ཚོས་ད་དུང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱིས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་སྐབས་སུ་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》ལ་ཐུན་མོང་ཐོག་མཚན་རྟགས་བཀོད་པ་དང་འབྲེལ་འགྲེམས་སྤེལ་བྱས་ནས་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དབར་དང་སྡེ་ཚན་དབར་གྱི་མཉམ་ལས་ཡིག་ཆ་གལ་ཆེན་མང་པོ་ཞིག་ལ་མིང་རྟགས་བཀོད་པ་བདེན་དཔང་བྱས་ཏེ་ཀྲུང་ཨུའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་གསར་པ་བསྣན་ཡོད།(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འདི་ལོ་ནི་ཀྲུང་ཨུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་ཞིག་རེད། དུས་རབས་ཀྱི་བཞི་ཆ་གསུམ་གྱི་ལོ་རྒྱུས་བརྒྱུད་རིམ་ཁྲོད། ཀྲུང་ཨུའི་འབྲེལ་བ་ཆར་རླུང་དྲག་པོ་བརྒྱུད་ཀྱང་དུས་ཡུན་རིང་པོར་སྲ་བརྟན་ཡིན་པ་དང་། ལྷག་པར་དུ་དུས་རབས་གསར་པ་ནས་བཟུང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གནས་བབ་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ་དང་མཉམ་ལས་ཀྱི་ནང་དོན་ཉིན་རེ་བཞིན་ཕུན་སུམ་ཚོགས་སུ་ཕྱིན་ནས། མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་འདུ་ཤེས་མི་སེམས་སུ་ཟུག་ཡོད། ཀྲུང་ཨུའི་འབྲེལ་བ་དེ་རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་ཁྱིམ་མཚེས་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་དཔེ་མཚོན་དུ་གྱུར་ཡོད། ཀྲུང་ཨུའི་འབྲེལ་བར་གྲུབ་འབྲས་མངོན་གསལ་དོད་པོ་དེ་དག་ཐོབ་པའི་རྒྱུ་མཚན་ནི་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ“རྒྱུན་འཁྱོངས་ལྔ”བྱས་པ་ལས་བྱུང་བ་ཞིག་རེད།
གཅིག་ནས་ཕན་ཚུན་བརྩི་འཇོག་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་ལྟེ་བའི་ཁེ་ཕན་གྱི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་ཤིང་། ང་དང་ཙུང་ཐུང་ཕུའུ་ཅིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་རྒྱལ་ཁབ་ཆེན་པོ་དང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐབས་ལམ་གསར་པར་སྐྱོད་ཐུབ་པའི་འགག་རྩ་ནི་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་དང་འབྲེལ་བ་ཡོད་པའི་ཐད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པར་ཐུག་ཡོད་པའི་ངོས་འཛིན་གཅིག་མཐུན་བྱེད་ཀྱི་ཡོད། དེའང་ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ལྟེ་བའི་དོན་སྙིང་ཡིན། ཕྱོགས་གཉིས་པོས“མནའ་འབྲེལ་དུ་མི་ཞུགས་པ་དང་། འགྲན་རྒོལ་མི་བྱེད་པ། ཕྱོགས་གསུམ་པར་དམིགས་པ་ཞིག་མིན་པ”བཅས་ཀྱི་རྩ་དོན་མུ་མཐུད་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། རང་སོ་སོས་བདམས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་བརྩི་འཇོག་བྱས་ཏེ་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པའི་ཁྲོད་རང་སོ་སོའི་འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་བྱ་རྒྱུ་ཡིན།
གཉིས་ནས་མཉམ་ལས་གཉིས་ཁེ་སྒུལ་ཤུགས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་ཨུའི་གཉིས་ཁེ་གཉིས་ཕན་གྱི་རྣམ་པ་གསར་པ་བཙུགས་ཤིང་། ན་ནིང་ཀྲུང་ཨུ་ཕྱོགས་གཉིས་པོའི་ཚོང་དོན་བསྡོམས་འབོར་ཨ་སྒོར་དུང་ཕྱུར་2400ལས་བརྒལ་བ་དེ་ལོ་10ཡི་གོང་ལས་ལྡབ་1.7ཙམ་འཕར་ཡོད། དེ་ནི་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ནས་གཉིས་ཕན་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བའི་བསྡུས་རིས་ཤིག་རེད། ང་དང་ཙུང་ཐུང་ཕུའུ་ཅིང་གིས་རྒྱལ་ཁབ་གཉིས་པོའི་ཁེ་ཕན་མཉམ་འདྲེས་ལ་འཚོལ་ཞིབ་ཧུར་ཐག་དང་། རང་སོ་སོའི་ལེགས་ཆ་འདོན་སྤེལ། ཁེ་ཕན་མཉམ་འདྲེས་གཏིང་ཟབ་ཏུ་བཏང་ནས་ཕན་ཚུན་གྲུབ་འབྲས་ཐོབ་པ་བྱེད་དགོས་པའི་ངོས་འཛིན་གཅིག་མཐུན་བྱེད་ཀྱི་ཡོད།
གསུམ་ནས་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་རྨང་གཞིར་བྱེད་པ་མཐའ་འཁྱོངས་བྱས་ནས་ཀྲུང་ཨུའི་མཛའ་གྲོགས་ཀྱི་དཔལ་འབར་ཐུན་མོང་ཐོག་བརྒྱུད་སྤྲོད་བྱས་ཤིང་། ཀྲུང་ཨུ་རྒྱལ་ཁབ་གཉིས་ལ་ལོ་རྒྱུས་ཡུན་རིང་དང་འོད་སྟོང་འཕྲོ་བའི་རིག་གནས་ལྡན་ཡོད། ཕུའུ་ཤིས་ཅིན་དང་ཐུར་སི་ཐའེ་ཡི་བརྩམས་ཆོས་ཀྲུང་གོར་ཀུན་གྱིས་ཤེས་པ་མ་ཟད། པེ་ཅིང་གི་ཁྲང་ཞི་དང་ཐའེ་ཅི་དྲག་རྩལ་སོགས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ལའང་ཨུ་རུ་སུ་མི་དམངས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། མིག་སྔར་ཕྱོགས་གཉིས་པོས《2030ལོའི་གོང་གི་ཀྲུང་ཨུའི་མི་ཆོས་རིག་གནས་མཉམ་ལས་ཀྱི་ལམ་ཐིག་ས་བཀྲ》དོན་འཁྱོལ་བྱ་རྒྱུ་གཙོ་རྐང་དུ་བྱས་ནས་མི་ཆོས་རིག་གནས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བཞིན་ཡོད། ངས་ཙུང་ཐུང་ཕུའུ་ཅིང་དང་མཉམ་དུ་འདི་ལོ་དང་སང་ལོ་གཉིས“ཀྲུང་ཨུའི་རིག་གནས་ལོར”གཏན་འཁེལ་བྱས་ཏེ་ཕྱོགས་གཉིས་པོས་མང་ཚོགས་དང་འབྲེལ་འདྲིས་དང་། དམངས་སེམས་དང་འབྲེལ་བ། འཁྲུག་ཆ་དོད་པ་བཅས་ཀྱི་རིག་གནས་སྤེལ་རེས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ལས་རིགས་ཁག་དང་ས་གནས་ཁག་ལ་འགྲོ་འོང་བྱེད་ཤུགས་ཆེ་རུ་བཏང་སྟེ་དམངས་སེམས་ཕན་ཚུན་ཤེས་རྟོགས་དང་། ཕན་ཚུན་འབྲེལ་འདྲིས། ཕན་ཚུན་ཉེ་བཅར་བཅས་ཡོང་བར་སྐུལ་འདེད་དེ་བས་ཡག་པོ་གཏོང་དགོས་པའི་སྐུལ་ལྕག་བྱ་རྒྱུ་ཡིན།
བཞི་ནས་འཐབ་ཇུས་མཉམ་ལས་འདེགས་སྐྱོར་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ཡང་དག་པའི་ཁ་ཕྱོགས་ལ་སྣེ་ཁྲིད་བྱས་ཤིང་། ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་འཛིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བརྟན་པོ་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས། རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་ལས་སྟེགས་སུ་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱས་ནས་ཕྱོགས་མང་རིང་ལུགས་ངོ་མའི་ཐོག་ནས་འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད། འདི་ལོ་ཨུ་རུ་སུས་འབོ་གསེར་རྒྱལ་ཁབ་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་དང་། ལོ་འདིའི་ནང་ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན་པས། ཕྱོགས་གཉིས་པོས་ཕན་ཚུན་གྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱས་ནས་དེ་བས་ཕྱོགས་ཡོངས་དང་། དམ་ཟབ། དངོས་གཉེར། བསྟུན་མཁས་བཅས་ཀྱི་སྤུས་ཚད་མཐོ་བའི་རོགས་ཟླའི་འབྲེལ་བ་བཙུགས་ཏེ“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”མཐུན་སྒྲིལ་སྟོབས་ཆེར་གཏོང་རྒྱུ་ཡིན།
ལྔ་ནས་དྲང་གཞག་དྲང་བདེན་དམིགས་ཡུལ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་དོ་སྣང་ཆེ་བའི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བར་གཞོལ་ཞིང་། དེང་གི་འཛམ་གླིང་དུ་འཇམ་འཐབ་ཀྱི་བསམ་བློ་མ་འཇགས་པ་དང་། མ་ཞི་བར་ཕྱོགས་རྐྱང་པའི་སྒེར་འཛིན་དང་། དཔུང་སྒྲིག་འགྲན་རྒོལ། བཙན་དབང་ཆབ་སྲིད་བཅས་ཀྱིས་འཛམ་གླིང་གི་ཞི་བདེ་དང་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་འཇིགས་སྐུལ་བཟོ་བཞིན་ཡོད། ང་དང་ཙུང་ཐུང་ཕུའུ་ཅིང་གིས་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་གི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན་པའི་ངོས་འཛིན་གཅིག་མཐུན་བྱེད་ཀྱི་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ལག་བསྟར་ཏན་ཏིག་བྱས་ནས“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”རྨང་གཞིར་བྱས་ཏེ་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་དགོས། ཕྱོགས་གཉིས་པོས་ཡུག་རེན་གྱི་ཉམས་ཉེན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུ་ནི་ཁ་ཕྱོགས་ཡང་དག་ཅིག་ཡིན་པའི་ངོས་འཛིན་གཅིག་མཐུན་བྱེད་ཀྱི་ཡོད། གནད་དོན་དེའི་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་ཁ་གསལ་ཡིན་པ་དེའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ཞུ་བ་དང་། རྒྱལ་ཁབ་ཁག་གི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་བྱེད་པ། ཕྱོགས་ཁག་གི་ལུགས་མཐུན་གྱི་བདེ་འཇགས་ལ་དོ་ཁུར་བྱེད་པར་བརྩི་འཇོག་བྱེད་པ། དོ་སྙོམས་དང་། ནུས་ལྡན། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ཀྱི་སྒྲོམ་གཞི་གསར་པ་འཛུགས་པ་བཅས་ཚུད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་སྐམ་ས་ཆེན་པོ་སྔ་ཙམ་ཞི་བདེ་བརྟན་ལྷིང་བསྐྱར་གསོ་ཡོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ལ་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་སྤེལ་ཡང་བྱེད་འདོད་ཡོད།
(བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)