《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月17日

ཀྲུང་གོ་དང་སེར་པི་ཡའི་འགྱུར་མེད་མཛའ་གྲོགས་དུས་རབས་གསར་པར་གཟི་མདངས་འཕྲོ་བར་བྱེད།

ལི་མིང་།

ཀྲུང་གོ་དང་སེར་པི་ཡ་ནི་དྲག་ཆར་རླུང་འཚུབ་བརྒྱུད་པ་དང་སྐྱིད་སྡུག་མཉམ་མྱོང་གི“གྲོགས་པོ་ཟོལ་མེད”ཅིག་རེད། 2016ལོའི་ཟླ་6པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སེར་པི་ཡར་རྒྱལ་དོན་འཚམས་འདྲི་མ་གནང་གོང་སེར་པི་ཡའི་སྨྱན་སྦྱོར་ཐོག་མཚན་བཀོད་རྩོམ་ཡིག་སྤེལ་བའི་ནང“ངས་ད་རེས་སེར་པི་ཡར་འཚམས་འདྲི་བྱེད་པ་ནི་སེར་པི་ཡ་ཕྱོགས་དང་མཉམ་དུ་སྤེལ་རེས་གཏིང་ཟབ་དང་གྲོས་མོལ་རྒྱ་ཁྱབ་བྱས་པ་བརྒྱུད་དངོས་དངོས་རྗེན་རྗེན་གྱི་བྱ་སྤྱོད་སྤེལ་ནས། ཀྲུང་སེར་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དེ་བས་འབྲེལ་བ་དམ་ཟབ་བྱས་ཏེ་གྲོགས་པོ་བཟང་པོ་དང་ཟོལ་མེད་ཀྱི་རོགས་ཟླ་ཞིག་བྱ་རྒྱུའི་རེ་བ་ཡོད”ཅེས་འཁོད་ཡོད། ལོ་8ཀྱི་རྗེས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སེར་པི་ཡར་སླར་ཡང་རྒྱལ་དོན་འཚམས་འདྲི་གནང་བ་བརྒྱུད་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་མཐུན་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ནས་ཀྲུང་སེར་གྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་མ་གཏོང་ཐུབ་ངེས་རེད།

དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་ཀྲུང་སེར་གྱི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད། 2023ལོར་ཀྲུང་སེར་ཕྱོགས་གཉིས་ཀྱི་ཉོ་ཚོང་བྱེད་ཚད་ཨ་སྒོར་དུང་ཕྱུར་43.5ཟིན་པ་དེ་2016ལོ་དང་བསྡུར་ན་ལྡབ་7ལྷག་ཙམ་འཕར་ཡོད། 2022ལོར་ཀྲུང་གོ་འདི་ཉིད་སེར་པི་ཡའི་ཐད་ཀའི་མ་འཇོག་ཡོང་ཁུངས་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ཡོད། རྒྱལ་ཁབ་གཉིས་ཀྱི་རྨང་གཞིའི་འཛུགས་སྐྲུན་དང་ཐོན་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་དངོས་སྒྲུབ་མཉམ་ལས་ཀྱི་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད་རྒྱུན་ཆད་མེད་པར་ཆེ་རུ་སོང་བ་དང་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ཆེ་རུ་སོང་ཡོད།

མི་ཆོས་རིག་གནས་སྤེལ་རེས་ཀྱིས་ཀྲུང་སེར་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སེམས་པ་སྔར་བས་ཐག་ཉེ་རུ་ཕྱིན་ཡོད་ཅིང་། རྒྱལ་ཁབ་གཉིས་དབར་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པ་དང་ཕན་ཚུན་ཁ་ལོ་བའི་ལག་ཁྱེར་ཁས་ལེན་བྱེད་པ་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱུང་བ་དང་དེ་བཞིན་ཀྲུང་སེར་གྱི་ཐད་གཏོང་དུས་གཏན་གནམ་གྲུ་ཤར་གཏོང་ཐུབ་པ་དང་བསྟུན། ཕྱོགས་གཉིས་ཀྱི་མི་སྣ་འགྲོ་འོང་བྱེད་ཚད་ཆེས་ཆེར་འཕར་ཡོད། སེར་པི་ཡའི་ཁུང་ཙི་སློབ་གླིང་ཇི་ཙམ་གཉེར་བ་དེ་ཙམ་གྱིས་ཡག་ཏུ་ཕྱིན་པ་དང་། ཁུང་ཙི་སློབ་ཚན་ལ་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད། “རྒྱ་སྐད་ཀྱི་ཚ་རླབས”དང“ཀྲུང་གོའི་རིག་གནས་ཀྱི་ཚ་རླབས”མུ་མཐུད་ཆེ་རུ་ཕྱིན་ནས་རྒྱ་སྐད་སྦྱོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ད་ཆ་ཀྲུང་གོར་སེར་པི་ཡའི་སྐད་ཡིག་གི་སློབ་ཚན་བཀོད་སྒྲིག་བྱས་པའི་མཐོ་སློབ་11བར་མང་དུ་ཕྱིན་ནས་སེར་པི་ཡའི་སྐད་ཡིག་སྦྱོང་མཁན་རྒྱུན་ཆད་མེད་པར་མང་དུ་འགྲོ་བཞིན་ཡོད་ཅིང་། ཀྲུང་སེར་ཕྱོགས་གཉིས་ཀྱིས་ལོ་མང་བསྟུད་མར“སྤྲོ་སྐྱིད་ཀྱི་དཔྱིད་གསར་དུས་ཆེན”གྱི་བྱེད་སྒོ་བདེ་བླག་ངང་གཉེར་བ་དང་ཕུལ་བྱུང་ཀྲུང་ཧྭའི་རིག་གནས་འགྲེམས་སྟོན་བྱས་ཏེ། སེར་པི་ཡའི་དམངས་ཚོགས་ཀྱི་ཡིད་དབང་འཕྲོག་ནས་དེའི་ནང་ཧུར་ཐག་ཞུགས་ཡོད་པ་རེད།

ཀྲུང་སེར་གྱི་མཛའ་མཐུན་ལྷག་བསམ་ཟོལ་མེད་ལྡན་པས་སེམས་འགུལ་ཐེབས་པ་ཞིག་ཡོད་ལ་ཕྱིར་དྲན་བྱེད་རིན་ཡོད། ཏོག་གསར་རིམས་ནད་ཀྱི་སྐབས་ཙུང་ཐུང་ཝུའུ་ཆི་ཆིས་སེར་པི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་པ་བསུ་དུས་སེར་པི་ཡའི་རྒྱལ་དར་དང་ཀྲུང་གོའི་སྐར་ལྔའི་དར་དམར་གྱི་ངོས་སུ་བརྩེ་བ་ཟབ་མོས་བྱིལ་བྱིལ་བྱེད་པ་དང་། ཀྲུང་སེར་གྱི་བཟོ་པས་ཧང་ག་རི་དང་སེར་པི་ཡའི་ལྕགས་ལམ་མཉམ་དུ་བསྐྲུན་ནས་དཀའ་སྡུག་གི་རྔུལ་ཆུ་གཏོར་བ། སེར་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་དང་འབྲེལ་བའི་གནད་དོན་ཐད་དྲང་བདེན་གྱི་རྣམ་འགྱུར་བསྟན་པ། ཀྲུང་གོ་ཕྱོགས་ཀྱིས་སེར་པི་ཡའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བརྟན་པོ་བྱེད་པ་བཅས་གང་ཞིག་ཡིན་རུང་། དེ་དག་ལས་ཀྲུང་སེར་གྱི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་གཞོམ་གཞིག་མེད་པའི་ཉམས་བཟང་མངོན་ཡོད་པ་རེད།

ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར། ཀྲུང་གོ་ཕྱོགས་ཀྱིས་སེར་པི་ཡ་ཕྱོགས་དང་ལག་གདང་སྦྲེལ་ནས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་གཏོང་བ་དང་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་སྔར་བས་མང་བ་བསྐྲུན་ནས་ཀྲུང་གོ་དང་སེར་པི་ཡའི་མཛའ་གྲོགས་ཟོལ་མེད་ལ་དུས་རབས་གསར་པར་གཟི་མདངས་གསར་པ་འཕྲོ་བར་བྱ་རྒྱུ་རེད།

(རྩོམ་པ་པོ་ནི་སེར་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན)

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཉི་དོན་གྱིས་ཞུས)