འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་14ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོ་ལྷོ་ཆུ་བྱང་འདྲེན་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར། ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་དང་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭས་རིམ་རྩིས་བརྒྱབ་ན་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་720ལྷག་ཙམ་དྲངས་པ་ལས་ལམ་རྒྱུད་ཀྱི་ཞིང་ཆེན་7གྱི་མི་དུང་ཕྱུར་1.76ལྷག་ཙམ་ལ་ཕན་པ་ཐོབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭས་རིམ་རྩིས་བརྒྱབ་ན་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་641.57དྲངས་པ་དང་། 2021ལོ་ནས་2023ལོ་བར་ལོ་གསུམ་བསྟུད་མར་ཆུ་བེད་པུས་གཏན་འཁེལ་བྱས་པའི་ལོ་འཁོར་གྱི་ཆུ་འདྲེན་འཆར་གཞི་ཚད་ལས་བརྒལ་ནས་ལེགས་གྲུབ་ཐུབ་ཡོད། ཤར་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭས་རིམ་རྩིས་བརྒྱབ་ན་འབྲི་ཆུའི་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་400ལྷག་ཙམ་འཐེན་ནས་རིམ་རྩིས་བརྒྱབ་ན་ཧྲན་ཏུང་དུ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་70.61དྲངས་ཡོད། ཤར་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭའི་བྱང་སྣུར་འཕྲལ་སྡོམ་ཆུ་མཁོ་འདོན་ལས་གྲྭས་ཧོ་པེ་དང་ཐེན་ཅིན་ལ་རིམ་རྩིས་བརྒྱབ་ན་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་7.86མཁོ་འདོན་བྱས་པས། ཆུའི་ཕན་པ་ཐོབ་ཁུལ་གྱི་ཆུའི་ཐོན་ཁུངས་ཀྱི་བཀོད་སྒྲིག་ལེགས་སུ་ནུས་ལྡན་ཕྱིན་པ་དང་། ཧྲན་ཏུང་གི་ལྷོ་བྱང་རྒྱུད་དང་ལྷག་པར་དུ་ཧྲན་ཏུང་ཞིང་ཆེན་ཤར་རྒྱུད་ཕྱེད་གླིང་གི་ཆུ་དཀོན་པའི་གནད་དོན་ཞི་ལྷོད་དུ་ཕྱིན་ཡོད།
འབྲི་ཆུའི་ཆུ་བོ་ཧན་ཅང་གཙང་པོར་འདྲེན་པའི་ལས་གྲྭ་ནི་ལྷོ་ཆུ་བྱང་འདྲེན་གྱི་རྗེས་མཐུད་ལས་གྲྭ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་ཆུ་དྲའི་སྒྲོམ་གཞི་གཙོ་བོ་མགྱོགས་མྱུར་བསྐྲུན་པའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་གལ་ཆེན་ཞིག་རེད། འབྲི་ཆུའི་ཆུ་བོ་ཧན་ཅང་གཙང་པོར་འདྲེན་པའི་ལས་གྲྭ་གོ་རིམ་ལྡན་པའི་ངང་ལག་བསྟར་བྱེད་བཞིན་ཡོད་པ་དང་ཕུག་ལམ་གཙོ་བོར་སྨི་1686ཟིན་པ་དང་ཐུང་མུའུ་རོང་གི་ཞིབ་བཤེར་བཟོ་བཅོས་འགྲིམ་འགྲུལ་ཕུག་ལམ་ཏལ་འབིགས་ཐུབ་ནས་མིག་སྔར་ཡན་ལག་ཕུག་ལམ་14ལ་ཨར་ལས་བྱེད་བཞིན་ཡོད་པ་དང་འགྲོ་ལམ་18སྤྱིར་ན་བཏིང་ཟིན་པ་རེད།