འདི་ག་ཚགས་པར་ཁང་དུ་ཆིང་ཏའོ་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་དང་ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་སྐབས་གཉིས་པའི་ཀྲུང་གོའི་སྙན་སྒྲོན་དང་གཙོ་སྐྱོང་གི“སྙན་སྒྲོན་པ་ཡག་ཤོས་ཀྱི་བྱ་དགའ”སྤྲོད་པའི་མཛད་སྒོ་ཉིན་ཤས་གོང་ཧྲན་ཏུང་ཆིང་ཏའོ་རུ་འཚོགས་པ་རེད། སྙན་སྒྲོན་པ་དང་གཙོ་སྐྱོང་པ་20ལ་བྱ་དགའ་ཐོབ་པའི་ནང་ཕུལ་བྱུང་རླུང་འཕྲིན་སྙན་སྒྲོན་པ་དང་གཙོ་སྐྱོང་པ་10དང་། ཕུལ་བྱུང་བརྙན་འཕྲིན་སྙན་སྒྲོན་པ་དང་གཙོ་སྐྱོང་པ་10ཚུད་ཡོད་པ་རེད།
བྱ་དགའ་སྤྲོད་པའི་མཛད་སྒོར་སྐུ་མགྲོན་6གིས་སྔ་རྗེས་སུ་བྱ་དགའ་ཐོབ་མཁན་ལ་བྱ་དགའ་སྤྲད་པ་དང་འབྲེལ་བྱ་དགའ་སྤྲོད་པའི་ཤིས་ཚིག་སྒྲོག་སྦྱངས་བྱས་པ་རེད། མཛད་སྒོའི་རིང་སྨྱན་མང་འཁྲབ་སྟོན་དང་། གྱེར་འདོན། གླུ་གཞས་སོགས་ཀྱི་ལེ་ཚན་བར་དུ་བཅུག་ནས་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལྡན་པའི“སྙན་སྒྲོན་པ་ཡག་ཤོས་ཀྱི་ཚོགས་ར”ཞིག་བཏོད་དེ། རླུང་འཕྲིན་དང་བརྙན་འཕྲིན་སྙན་སྒྲོན་པ་དང་གཙོ་སྐྱོང་པས་བྱ་གཞག་ལ་བཅངས་པའི་བརྩེ་སེམས་དང་དུས་རབས་ཀྱི་རླབས་རྒྱུན་དང་བསྡོངས་ནས་མི་དམངས་ཀྱི་ཆེད་དུ་སྐད་ཆ་ཤོད་པའི་ཉམས་འགྱུར་མངོན་པར་བྱས་པ་རེད།
བྱ་དགའ་སྤྲོད་པའི་མཛད་སྒོར་ད་དུང་སྙན་སྒྲོན་པ་དང་གཙོ་སྐྱོང་པའི་ལས་རིགས་ཀྱིས་རྒྱང་ལམ་གསར་པར་འབད་འཐབ་ཆེན་པོས་མདུན་སྐྱོད་དང་འགན་འཁྲི་གསར་པ་འཁུར་རྒྱུའི་གྲོས་འགོའི་ཡི་གེ་ཁྱབ་བསྒྲགས་བྱས་པ་དང་། “སྙན་སྒྲོན་པ་ཡག་ཤོས་ཀྱི་འཆར་གཞི”འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད། འཆར་གཞི་དེས་ལོ་5ཙམ་རིང་སྙན་སྒྲོན་པ་དང་གཙོ་སྐྱོང་པའི་ལས་སྒོའི་རྐང་འཛིན་མི་སྣ་1000དང་སྙན་སྒྲོན་གཙོ་སྐྱོང་སློབ་ཁྲིད་ཀྱི་རྐང་འཛིན་མི་སྣ་100གསོ་སྐྱོང་བྱ་རྒྱུ་ཡིན་པ་རེད།
(པ་ཕན་གྱིས་བསྒྱུར། ལྷག་ཚེས་ཞུས)