འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཀྲུང་གོ་མི་དམངས་དངུལ་ཁང་དང་། སྐྱེ་ཁམས་ཁོར་ཡུག་པུའུ། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས། ཀྲུང་གོ་འཛིན་ལོར་ལྟ་འདོམས་ཨུ་ལྷན་བཅས་ཀྱིས་མཉམ་དུ་ལྗང་མདོག་དངུལ་རྩས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། དངུལ་རྩས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་ཉམས་མྱོང་དང་བྱེད་སྟངས་སྤེལ་རེས་བྱས་པ་མ་ཟད། དུས་མཚམས་རྗེས་མའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་བྱས་པ་རེད།
ལྗང་མདོག་དངུལ་རྩའི་ནུས་པ་བཏོན་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་རམ་འདེགས་བྱེད་པ་ནི་དངུལ་རྩའི་ཁོངས་གཏོགས་དང་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། ཚོགས་འདུའི་ཐོག་དངུལ་རྩ་དོ་དམ་སྡེ་ཚན་དང་། སྐྱེ་ཁམས་ཁོར་ཡུག་སྡེ་ཚན། དངུལ་རྩའི་ལས་ཁུངས་དང་འབྲེལ་ཡོད་ཁེ་ལས་བཅས་ཀྱིས་སྡེ་ཚན་དང་ཁྱབ་ཁོངས་བརྒལ་བའི་གཞོགས་འདེགས་དང་མཉམ་ལས་བྱེད་ཤུགས་ཆེར་གཏོང་དང་སྤྱི་འདོམས་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ནས་རྩེ་རིམ་ཇུས་འགོད་སྔར་བས་ཤུགས་ཆེར་གཏོང་དགོས། དངུལ་རྩའི་ལས་ཁུངས་ཁག་གིས་ལྗང་མདོག་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་བྱེད་ཤུཌ་ཆེ་རུ་བཏང་ནས་རྣམ་གྲངས་ཀྱི་དངུལ་བུན་འཇལ་བ་དང་ཁག་ཐེག་བྱེད་སྟངས་རྒྱ་ཆེར་གཏོང་བ་དང་། ཁོར་ཡུག་ཁེ་དབང་གཏའ་འཇོག་དངུལ་བུན་དང་། ཁོར་ཡུག་ཕན་འབྲས་འབྲེལ་མཐུད་དངུལ་བུན། ལྗང་མདོག་ཡིད་རྟོན་དངུལ་བུན་གྱི་རྒྱུ་ནོར་འཛིན་ལོར་ཅན་སོགས་གསར་གཏོད་ཐོན་རྫས་འཚོལ་ཞིབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ཅིང་། དངུལ་རྩ་དོ་དམ་སྡེ་ཚན་གྱིས་སྐྱེ་ཁམས་ཁོར་ཡུག་པུའུ་དང་མཉམ་དུ་སྲིད་ཇུས་ཀྱི་བཀོད་སྒྲིག་སྔར་བས་ལེགས་སུ་བཏང་ནས་རྒྱུན་རྣམ་ཅན་གྱི་རྣམ་གྲངས་འོས་སྦྱོར་ལམ་སྲོལ་འཛུགས་པ་དང་། ལྟ་ཞིབ་ཚད་ལེན་གྱི་དཔྱད་དཔོག་དང་། སྲིད་ཇུས་མཐུན་སྦྱོར། དྲིལ་བསྒྲགས་ཁྱབ་གདལ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ལྗང་མདོག་དངུལ་རྩས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་ཕན་འབྲས་ཐོན་པར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་པ་རེད། (གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཉི་དོན་གྱིས་ཞུས)