《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月16日

ན་ནིང་རྒྱལ་ཡོངས་ནས་གཏེར་རྫས་ཐོན་ཡུལ་བརྒྱ་དང་ཉེར་བཞི་གསར་དུ་རྙེད་པ།

སྣུམ་རླངས་མིན་པའི་ས་གཤིས་རྩད་ཞིབ་ལ་མ་དངུལ་གཏོང་ཤུགས་ལོ་གསུམ་བསྟུད་མར་འཕར་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་རང་བྱུང་ཐོན་ཁུངས་པུའི་གཞུང་དོན་ཐིང་གིས་བཀྲམ་པའི《2023ལོའི་རྒྱལ་ཡོངས་ཀྱི་སྣུམ་རླངས་མིན་པའི་ས་གཤིས་རྩད་ཞིབ་བསྡོམས་རྩིས་ཀྱི་ལོ་འཁོར་སྙན་ཞུའི》ནང་མངོན་པར། 2023ལོར་རྒྱལ་ཡོངས་ཀྱི་སྣུམ་རླངས་མིན་པའི་ས་གཤིས་རྩད་ཞིབ་ལ་མ་དངུལ་སྒོར་དུང་ཕྱུར་200.72བཏང་བ་དེ་དུས་མཚུངས་ལས་7.7%འཕར་ནས་ལོ་གསུམ་བསྟུད་མར་འཕར་ཡོད། རྒྱལ་ཡོངས་སུ་གཏེར་རྫས་ཐོན་ཡུལ་124གསར་དུ་རྙེད་པའི་ནང་རྡོ་སོལ་གྱི་གཏེར་རྫས་ཐོན་ཡུལ་4དང་རྡོ་སྣག་གི་གཏེར་རྫས་ཐོན་ཡུལ་10གསར་དུ་རྙེད་ཡོད་པ་རེད།

ལོ་འཁོར་སྙན་ཞུའི་ནང་མངོན་པར། 2023ལོར་རྒྱལ་ཡོངས་ཀྱི་སྣུམ་རླངས་མིན་པའི་ས་གཤིས་རྩད་ཞིབ་ལ་བཏང་བའི་མ་དངུལ་གྱི་ཡོང་ཁུངས་ནས་བལྟས་ཚེ། ཀྲུང་དབྱང་ནོར་སྲིད་ནས་མ་དངུལ་སྒོར་དུང་ཕྱུར་46.23བཏང་བ་དེས་བསྡོམས་འབོར་གྱི་23%བཟུང་ནས་དུས་མཚུངས་ལས་10.6%འཕར་བ་དང་། ས་གནས་ནོར་སྲིད་ནས་མ་དངུལ་སྒོར་དུང་ཕྱུར་85.04བཏང་བ་དེས་བསྡོམས་འབོར་གྱི་42.4%བཟུང་ནས་དུས་མཚུངས་ལས་0.7%འཕར་བ། སྤྱི་ཚོགས་ནས་མ་དངུལ་སྒོར་དུང་ཕྱུར་69.45བཏང་བ་དེས་བསྡོམས་འབོར་གྱི་34.6%བཟུང་ནས་དུས་མཚུངས་ལས་15.5%འཕར་བ་རེད། མ་དངུལ་བཏང་བའི་ཐད་ནས་བལྟས་ཚེ། གཏེར་ཁ་རྩད་ཞིབ་ལ་མ་དངུལ་སྒོར་དུང་ཕྱུར་117.56བཏང་བ་དེས་བསྡོམས་འབོར་གྱི་58.5%བཟུང་བ་དང་། རྨང་གཞིའི་ས་གཤིས་བརྟག་དཔྱད་ལ་མ་དངུལ་སྒོར་དུང་ཕྱུར་22.23བཏང་བ་དེས་བསྡོམས་འབོར་གྱི་11.1%བཟུང་བ། ཆུ་དཔྱད་ས་གཤིས་དང་། ཁོར་ཡུག་ས་གཤིས། ས་གཤིས་བཅས་ཀྱི་གནོད་འཚེའི་བརྟག་དཔྱད་གདེང་འཇོག་ལ་མ་དངུལ་སྒོར་དུང་ཕྱུར་38.33བཏང་བ་དེས་བསྡོམས་འབོར་གྱི་19.1%བཟུང་བ། ས་གཤིས་ཚན་རྩལ་དང་ཕྱོགས་བསྡུས་ཞིབ་འཇུག་ཐད་མ་དངུལ་སྒོར་དུང་ཕྱུར་20.28བཏང་བ་དེས་བསྡོམས་འབོར་གྱི་10.1%བཟུང་བ། ས་གཤིས་དཔྱད་གཞིའི་ཞབས་ཞུ་དང་ཆ་འཕྲིན་ཅན་ལ་མ་དངུལ་སྒོར་དུང་ཕྱུར་2.32བཏང་བ་དེས་བསྡོམས་འབོར་གྱི་1.2%བཟུང་བ་རེད།

2023ལོར་གཏེར་ཁའི་རྩད་ཞིབ་ཀྱི་མ་དངུལ་གཙོ་བོ་རྡོ་སོལ་དང་། ཡུ་རིགས། གསེར། ཟངས། ཞ་དང་ཏི་ཚ། ལྕགས་བཅས་ལ་བཏང་བ་དང་། གཏེར་ཁའི་རྩད་ཞིབ་ཐད་བཏང་བའི་མ་དངུལ་བསྡོམས་འབོར་གྱི་58.2%བཟུང་ཡོད། 2022ལོ་དང་བསྡུར་ན་མ་དངུལ་གཏོང་ཚད་འཕར་བའི་གཏེར་རིགས་གཙོ་བོ་ནིག་དང་། ཞ་དང་ཏི་ཚ། ཞི་ཐུའུ། ཟངས། མོལ། གསེར། ལྕགས་སོགས་ཡིན་པ་རེད། 2023ལོར་གཏེར་ཁའི་རྩད་ཞིབ་ཀྱི་ལག་བསྟར་རྣམ་གྲངས་ཁག་3792ཟིན་པ་དེ་དུས་མཚུངས་ལས་10.9%འཕར་བ་དང་། གསོར་འབིགས་རྩད་ཞིབ་ཀྱི་ལས་འབོར་སྨི་ཁྲི་906ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་31.9%འཕར་བ་རེད།

(མཚམས་གཅོད་ཀྱིས་བསྒྱུར། བསོད་བདེ་ཆེ་བས་ཞུས)