འདི་ལོ་ནི་ཀྲུང་གོ་དང་ཧང་ག་རི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་རེད། ཧང་ག་རི་ནི་ཀྲུང་གོ་གསར་པ་ཁས་ལེན་པ་དང་ཕྱི་འབྲེལ་གྱི་འབྲེལ་བ་འཛུགས་མཁན་རྒྱལ་ཁབ་སྔ་ཤོས་ཀྱི་གྲས་ཤིག་ཡིན། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་ཧང་གི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ཆུ་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱུང་ནས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པའི་དཔེ་མཚོན་ཞིག་བཏོད་ཡོད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག་ཀྲུང་ཧང་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ་དང་། གཉིས་ཕན་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ། མི་ཆོས་རིག་གནས་སྤེལ་རེས་སྣ་མང་ཕུན་སུམ་ཚོགས་པ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཉམ་ལས་ཡག་པོ་བཅས་བྱུང་ཡོད།
ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ནས་ཀྲུང་ཧང་འབྲེལ་བར་ལྟ་སྟངས་འཛིན་པ་མ་ཟད། ཧང་ག་རི་ཕྱོགས་རང་རྒྱལ་ཁབ་ཀྱི་རྒྱབ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པར་རྒྱབ་སྐྱོར་བྱས་ཡོད། ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་པོ་བསྲུངས་ནས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་དྲང་གཞག་གི་ལངས་ཕྱོགས་འཛིན་གྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ལི་ཨོར་པན་དང་འཐབ་ཇུས་ཀྱི་འབྲེལ་གཏུག་ཐེངས་མང་གནང་ཡོད། ཙུང་ལི་ཨོར་པན་ཀྲུང་གོར་བསྟུད་མར་ཐེངས་གསུམ་ཕེབས་ནས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཞུགས་ཡོད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཁ་སྒྱུར་ཕྱོགས་སྟོན་འོག་ཀྲུང་ཧང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད།
ཀྲུང་ཧང་གི་དངོས་སྒྲུབ་མཉམ་ལས་ལ་ཕུལ་བྱུང་གི་གྲུབ་འབྲས་ཐོབ་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ་ཧང་ག་རིའི“ཤར་ཕྱོགས་སུ་སྒོ་མོ་དབྱེ་བའི”སྲིད་ཇུས་དང་འབྲེལ་མཐུད་གཏིང་ཟབ་ཐུབ་ཡོད། 2023ལོར་ཀྲུང་གོས་ཧང་ག་རིར་མ་རྩ་བཞག་པའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ་སླར་ཡང་ཧང་ག་རིའི་ཕྱི་རྒྱལ་གྱི་མ་དངུལ་ཡོང་ཁུངས་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ཡོད། ཀྲུང་ཧང་གི་མཉམ་ལས་ཁྱབ་ཁོངས་ཟམ་མི་ཆད་པར་རྒྱ་སྐྱེད་དང་རྣམ་པ་ཟམ་མི་ཆད་པར་གསར་གཏོད་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
ཀྲུང་ཧང་གི་ཕན་ཚུན་སྦྲེལ་མཐུད་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད། པེ་ཅིང་དང་། ཧྲང་ཧའེ། ཁྲུང་ཆིང་། ཉིང་པོ། ཀོང་ཀྲོའུ་སོགས་གྲོང་ཁྱེར་དང་པུ་ཏ་ཕེ་སི་དབར་ཐད་གཏོང་མཁའ་ལམ་5ཤར་གཏོང་ཐུབ་པ་མ་ཟད། ཟོག་འདྲེན་མཁའ་ལམ་མང་པོ་ཤར་བགྲོད་ཐུབ་སྟེ་རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་དང་དངོས་ཟོག་སྐྱེལ་འདྲེན་ལ་སྟབས་བདེ་བསྐྲུན་ཡོད། ཀྲུང་ཧང་གི་སྤེལ་རེས་མཉམ་ལས་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད་ལ་འབྲེལ་བའང་དེ་བས་བརྟན་དུ་ཕྱིན་ཡོད།
ཀྲུང་གོ་དང་ཧང་ག་རིའི་མི་ཆོས་རིག་གནས་སྤེལ་རེས་ཁྲོད་མཛའ་གྲོགས་ཀྱི་གཏམ་རྒྱུད་མུ་མཐུད་རྩོམ་བཞིན་ཡོད། རྒྱལ་ཁབ་གཉིས་པོའི་སློབ་གསོ་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་དམངས་སེམས་མཐུན་ཚད་དེ་བས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་ནིང་ལོ་འགོར་ཧང་ཀྲུང་སྐད་གཉིས་སློབ་གྲྭའི་སློབ་མར་འཕྲིན་ལན་སྤྲིངས་ནས་ཧང་ག་རིའི་གཞོན་ནུ་ལོ་ཆུང་ཚོས་ཀྲུང་གོ་དེ་བས་ཤེས་རྟོགས་ཐུབ་པ་བྱས་ཏེ་ཀྲུང་ཧང་གི་མཛའ་གྲོགས་བྱ་གཞག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་མཁན་གྱི་ཕོ་ཉ་ཞིག་བྱེད་དགོས་པའི་སྐུལ་ལྕག་གནང་ཡོད། “སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་ཀྲུང་གོའི་ཚོགས་མཆོད་སོགས་རིག་གནས་བྱེད་སྒོར་ཧང་ག་རི་ནས་དགའ་བསུ་ཐོབ་པ་མ་ཟད། ཧང་ག་རིའི་དམངས་ཚོགས་དེ་བས་མང་པོས་ཀྲུང་གོའི་རིག་གནས་ཤེས་རྟོགས་དང་ཀྲུང་གོའི་རིག་གནས་ལ་དགའ་ཞེན་ཐུབ་པ་བྱུང་ཡོད།
འདས་ཟིན་པའི་ལོ་ཟླར་ཕྱིར་མིག་ལྟ་སྐབས་ཀྲུང་ཧང་གི་འབྲེལ་བར་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་ཀྲུང་ཧང་གི་འབྲེལ་བར་མདུན་ལམ་ཆེན་པོ་ལྡན་ཡོད། ཧང་ག་རིའི་ཙུང་ཐུང་ཧྲུའུ་ཡིའུ་ཁེ་དང་ཙུང་ལི་ཨོར་པན་གྱི་གདན་ཞུས་ལྟར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་བ་རེད། ད་ཐེངས་ཀྱི་ལམ་ཚད་རྡོ་རིང་ལྟ་བུའི་འཚམས་འདྲི་དེས་ཕྱོགས་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་མ་ཐེབས་རྒྱུ་མ་ཟད། ཀྲུང་ཧང་གི་མཛའ་གྲོགས་མཉམ་ལས་འབྲེལ་བའི་ལེའུ་གསར་པ་གཏོད་ཐུབ་ངེས་རེད།
(རྩོམ་པ་པོ་ཧང་ག་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ)
(ཚེ་ཁོས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)