《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月14日

“ཡུལ་མི་རྣམས་ཕྱུག་པོ་ཆགས་ཆེད་ནུས་ཤུགས་སྐྱེས་སུ་ཕུལ”

ལིའུ་ཧུའེ་མིན།

2023ལོའི་ཟླ་7པར་ང་པེ་ཅིང་སྐད་ཡིག་སློབ་ཆེན་ནས་སློབ་མཐར་ཕྱིན་ཏེ་པེ་ཅིང་གྲོང་ཁྱེར་ཧོའེ་རོའུ་ཆུས་པོ་ཧའེ་གྲོང་རྡལ་སི་ཏུའུ་ཧོ་གྲོང་ཚོར་བཅའ་སྡོད་བྱས་ནས་བྱ་གཞག་གསར་གཏོད་བྱེད་འགོ་ཚུགས།

སི་ཏུའུ་ཧོ་གྲོང་ཚོ་ནི་ཡན་ཧྲན་རི་བོའི་རྒྱུད་དུ་གནས་པ་དང་། དུད་ཚང་160ལྷག་ཙམ་དང་མི་300ལྷག་ཙམ་ལས་མེད་པའི་དཔལ་འབྱོར་ཉམས་ཞན་གྱི་གྲོང་ཚོ་ཞིག་རེད། གྲོང་ཚོའི་ཐོན་ལས་གཙོ་བོ་ནི་ཤིང་འབྲས་པན་ལི་འདེབས་འཛུགས་དང་དམངས་སྲོལ་གནས་ཚང་གཉེར་ནས་ཡུལ་སྐོར་བར་སྣེ་ལེན་ཞུ་རྒྱུ་རེད། དུས་འགོའི་བརྟག་ཞིབ་བྱེད་རིང་། སི་ཏུའུ་ཧོ་གྲོང་ཚོའི་ཡོང་འབབ་དམའ་བའི་གྲོང་ཚོའི“ཞྭ་མོ”ཕུད་ཟིན་མོད། འོན་ཀྱང་ཐོན་ལས་ཀྱི་གྲུབ་ཆ་རྐྱང་པ་ཡིན་པ་དང་། ཤིང་འབྲས་པན་ལི་ཕྱིར་ཚོང་གི་ཐབས་ལམ་ཡག་པོ་མེད་པ། ཐོན་ལས་སྣེ་ཁྲིད་པ་དཀོན་པ་སོགས་ཀྱི་གནད་དོན་གྱིས་རྐྱེན་པས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་རྦད་དེ་ཚོད་འཛིན་བཟོ་བཞིན་པ་ངས་ཤེས་རྟོགས་བྱུང་།

“བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་རྗེས་ཡུལ་མི་ཚོ་ཕྱུག་པོ་ཆགས་ཆེད་ནུས་ཤུགས་གང་ཡོད་འདོན་པར་བྲེལ”ཁ་བཤད་དོན་ཐོག་ཏུ་འཁྱོལ་ཆེད། ང་ཚོས་00ནང་སྐྱེས་པའི་རོགས་པ་10རུབ་རུབ་བཟོས་ནས་སི་ཏུའུ་ཧོ་གྲོང་ཚོར་གཞོན་ནུའི་གྲོང་ཚོའི་ཁེ་ལས་ཤིག་བཙུགས་ཏེ་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་འགོ་ཚུགས།

ང་ཚོས་དྲ་སྦྲེལ་སྤྱད་དེ་བརྙན་ཐུང་300ལྷག་ཙམ་ཇུས་འགོད་དང་། སྒྲིག་བཟོ། བརྒྱུད་བསྒྲགས་བཅས་བྱས་ནས་མི་དེ་བས་མང་བས་སི་ཏུའུ་ཧོ་གྲོང་ཚོའི་རི་ཆུ་ཡག་པོ་ཧ་གོ་བ་བྱས་ཏེ། མཛེས་ལྗོངས་ཁུལ་དུ་སྒར་འདེབས་རྟེན་གཞི་དང་། སྤེལ་རེས་མཛེས་ལྗོངས་ཁུལ་སོགས་གསར་གཏོད་བྱས་པ་དང་། ཞིང་ནང་དང་མུ་ཁར་པར་ལེན་འཕྲུལ་ཆས་བཙུགས་ནས་ཐད་གཏོང་ཁང་ཤར་གཏོང་བྱས་ཏེ་ས་ཆ་དངོས་ནས་སི་ཏུའུ་ཧོ་གྲོང་ཚོའི་ཞིང་ལས་ཐོན་རྫས་དང་རིག་གནས་ཡུལ་སྐོར་ཐོན་རྫས་ངོ་སྤྲོད་བྱས།

གྲོང་མི་ཨ་ཅག་ཧྲན་ལགས་ཀྱིས་གཉེར་བའི་དམངས་སྲོལ་གནས་ཚང་ལ་དེ་གོང་འགྲུལ་པ་སྡོད་མཁན་དཀོན་པས་ཡོང་འབབ་ཧ་ལམ་མེད། ང་ཚོའི་རོགས་རམ་འོག་དུས་ཐུང་ཟླ་བ་ཁ་ཤས་ནང་ཡོང་འབབ་ལེགས་སུ་འགྲོ་འགོ་ཚུགས། དེས་ན་ཨ་ཅག་ཧྲན་ལགས་ཀྱི་ལས་ཀའི་སྤྲོ་སེམས་ཆེ་རུ་ཕྱིན་ཏེ་ད་དུང་ང་ཚོ་དང་མཉམ་དུ“ཨ་ཅག་གི་ཚལ”ཞེས་པའི་བཟའ་བཏུང་གི་སྤུས་རྟགས་བཏོད་ནས། སི་ཏུའུ་ཧོ་གྲོང་ཚོའི་བདེ་སྐྱིད་ཚེ་མཇུག་ས་ཚུགས་དང་། ཝུའུ་ཏུའུ་ཧོ་ཧོང་ཀྲི་ཡུང་ཞིང་ཁྱིམ་དང་མཉམ་དུ་བཟའ་བཏུང་ཞབས་ཞུའི་ལས་སྒོ་གཉེར་ཞིང་། ཁ་ལག་ཟ་ཁང་དུ་ཟ་ཆོག་པ་མ་ཟད། ད་དུང་དམངས་སྲོལ་གནས་ཚང་གཞན་དག་གི་སྒོ་ཁར་ཡང་སྐྱེལ་གྱི་ཡོད།

ང་ཚོས་གྲོང་ཚོའི་དམངས་སྲོལ་གནས་ཚང་30ལྷག་ཙམ་ལ་རེ་རེ་བཞིན་བརྟག་དཔྱད་མཐིལ་རྟོགས་བྱས་ནས། དམངས་སྲོལ་གནས་ཚང་ཚང་མར་རྒྱ་དབྱིན་ཤན་སྦྱར་གྱི་རིག་གནས་ས་བཀྲ་བཟོས་ཏེ་ཕྱི་རྒྱལ་གྱི་ཡུལ་སྐོར་བ་དེ་བས་མང་བ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། ང་ཚོས་སི་ཏུའུ་ཧོ་གྲོང་ཚོའི་རང་བྱུང་ལེགས་ཆ་སྤྱད་དེ་སྔ་རྗེས་སུ་ཤིང་འབྲས་པན་ལི་འཐུ་བ་དང་། སྒར་འདེབས། བཟའ་བཏུང་། རི་འཛེག རྐང་ཐང་སོགས་ཀྱི་རྣམ་པ་དང་། དེ་བཞིན་ཞིབ་འཇུག་དང་སློབ་སྦྱོང་གི་རྣམ་གྲངས་བཏོན་ནས་གྲོང་མི་མང་པོ་ཞིག་རང་ཡུལ་དུ་ལས་ཞུགས་ཐུབ་པར་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་བཏང་ཡོད།

ང་ཚོས་མུ་མཐུད་ནས་སི་ཏུའུ་ཧོ་གྲོང་ཚོ་འཕེལ་རྒྱས་དང་འཛུགས་སྐྲུན་གཏིང་ཟབ་ཏུ་བཏང་བ་དང་འབྲེལ་པོ་ཧའེ་གྲོང་རྡལ་གྱི་གྲོང་ཚོ་དེ་བས་མང་བར་ཁྱབ་པའི་བརྩོན་ལེན་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་སྟེགས་བུ་ཞིག་བསྐྲུན་ནས་གཞོན་ནུ་དེ་བས་མང་བ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་ནང་ཞུགས་པར་ཡིད་དབང་འགུག་རྒྱུའི་རེ་བ་བྱེད་ཀྱི་ཡོད།

(རིག་རྡོར་གྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)