《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月14日

རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏོང་རིང་ལང་ཚོའི་སྟོབས་ཤུགས་མངོན་པ།

ཁྲེང་ལུང་།

ཙི་པོའི་བསྲེགས་ཟས་སྐད་གྲགས་ཆོད་འདུག“ཁྱུ་སྒྲིག་ནས་ཙི་པོར་བསྲེགས་ཟས་ཟ་བར་འགྲོ”ལ་སོགས་པའི་གླེང་གཞི་མང་པོ་ཐོན་པ་དང་། “ཧར་པིན”གྱི་རིག་གནས་ཡུལ་སྐོར་དར་ཁྱབ་ཆེ་ཞིང་། གངས་འཁྱགས་ཡུལ་སྐོར་དེ་དགའ་མོས་བྱེད་མཁན་མང་པོའི་ཡུལ་སྐོར་བྱ་ཡུལ་དུ་གྱུར་པ། ཀན་སུའུ་ཐེན་ཧྲུའེ་ཡི་ཁ་ཚ་ལྕེ་སྦིར་གྱི་སྐད་གྲགས་གང་སར་ཆོད་འདུག“ཁ་ཚ་ལྕེ་སྦིར་གྱི་ཟས་ཕོར་པ་གང་ལས་གྲོང་ཁྱེར་ཡོངས་དར་རྒྱས་བྱུང་བ”ལ་སོགས། ཉེ་ཆར་གང་སར་རིག་གནས་ཡུལ་སྐོར་གྱི་ཚ་རླབས་གསར་པ་འཕྱུར་བཞིན་ཡོད་པ་དེ་གཞོན་ནུ་ཚོའི་དགའ་མོས་བྱ་ཡུལ་དང་ཁ་འབྲལ་ཐབས་མེད། རིག་གནས་ཡུལ་སྐོར་གྱི་ཚ་རླབས་གསར་པའི་ཁྲོད་གཞོན་ནུའི་ཚོགས་སྤྱི་ནི་ཡུལ་སྐོར་ཚོགས་སྤྱི་དང་གསར་གཏོད་ཚོགས་སྤྱི་གལ་ཆེན་ཞིག་ཡིན་ལ། བརྒྱུད་སྤེལ་ཚོགས་སྤྱི་ཞིག་ཀྱང་ཡིན་ཞིང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏོང་རིང་ལང་ཚོའི་སྟོབས་ཤུགས་མངོན་བཞིན་མཆིས།

ལང་ཚོའི་སྟོབས་ཤུགས་ཀྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཞིང་། ཙི་པོ་ནས་ཧར་པིན་བར་དང་། འཚོལ་བཤེར་བྱེད་མང་ཤོས་ཀྱི“BAགྲོང་ཚོ”ནས་མི་ཚོགས་སྟུག་པའི་ཐང་རྒྱལ་རབས་ཀྱི་མཚན་ཁྲོམ་ཆེན་པོའི་བར་ལ་སོགས། སྐད་གྲགས་ཆོད་པའི་རིག་གནས་ཡུལ་སྐོར་གྱི་གླེང་གཞི་དེ་དག་ཐོག་མར་འབྲེལ་ལམ་སྨྱན་སྦྱོར་ནས་གླེང་ཆེ་བར་གྱུར་པ་དེ། གཞོན་ནུ་ཚོའི་སྤྲོ་སེམས་འཁོལ་བའི་མཉམ་འགུལ་དང་མཉམ་སྤྱོད་ཧུར་ཐག་བྱས་པ་དང་ཁ་འབྲལ་ཐབས་མེད། གཞོན་ནུ་ཚོས་གང་སར་དབྱིངས་ཚུད་རྣམ་པའི་ལོངས་སྤྱོད་བྱེད་པ་དང་འབྲེལ་པར་རིས་དང་བརྙན་ཐུང་སོགས་ཐུན་མོང་མ་ཡིན་པའི་ལང་ཚོའི་གསར་གཏོད་ཀྱི་རྣམ་པ་ནས། ཡུལ་སྐོར་ཁྲོད་རང་སོའི་ཁྱད་ཆོས་ལྡན་པའི་ཉམས་ལེན་དང་དེའི་ཁྲོད་ཐོབ་པའི་ཕན་འབྲས་བརྗོད་དེ། གསོན་ཉམས་ལྡན་པོས་གྲོང་ཁྱེར་དང་འཚོ་བའི་མཛེས་སྡུག་མངོན་པར་བྱེད། གཞོན་ནུ་ཚོར་ད་དུང“དྲ་བའི་ཚོར་སྣང”གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད་པས་བརྙན་ཤེལ་ཆུང་ངུ་ལས་འཇིག་རྟེན་ཆེན་པོ་མངོན་པ་བརྒྱུད། གཞོན་ནུ་ཚོགས་སྤྱིའི་ཐུན་མོང་གི་དགའ་ཕྱོགས་དང་རེ་འདུན་མངོན་པར་བྱེད་ཀྱི་ཡོད། དྲ་རྒྱའི་བརྒྱུད་སྤེལ་དང་དེ་བས་འཚམ་པོ་ཡོང་བར་བྱས་ཚེ། ཐུན་མོང་གི་བརྩེ་དུང་དང་གཅིག་མཐུན་གྱི་ལྟ་བ་གྲུབ་ཐུབ། “དྲ་རྒྱ་ནས་ངོམ་སྟོན་བྱེད་པ་དེ་དངོས་སུ་ཡུལ་སྐོར་དུ་སྐྱོད་པ་ལས་སྔ་བ་ཡོད”ཞེས་པ་དེ་ནི་གཞོན་ནུ་ཚོས་གཱ་ཐོ་འགོད་སྟངས་ཤིག་ཡིན་ཞིང་། བདག་མེད་ཀྱི་ཡུལ་ལྗོངས་དང་ཡུལ་སྐོར་བ་ཉུང་བའི་ཡུལ་ལྗོངས་ཁུལ་ཆུང་ལ་གསོན་ཉམས་དོད་པོས་མཆན་འགྲེལ་བྱས་པ་བརྒྱུད། གོ་མྱོང་མེད་པའི་གྲོང་ཁྱེར་གྲོང་རྡལ་དང་གྲོང་སྡེ་ཁག་གཅིག་སྐད་གྲགས་ཆོད་ལ། བྲག་འཛེག་དང་སྒར་རྒྱག་པ་སོགས་གསར་དར་ཡུལ་སྐོར་རྣམ་གྲངས་ཀྱང་དར་སྤེལ་བྱུང་ཡོད། དེ་ལས་ཡུལ་སྐོར་གྱི་རྣམ་པ་དང་ལས་རིགས་སྔར་བས་རྒྱ་ཆེར་ཕྱིན་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཟམ་མི་ཆད་པར་གསར་གཏོད་དང་འཕེལ་རྒྱས་གཏོང་བར་སྐུལ་མ་ཐེབས་ཡོད།

ལང་ཚོའི་སྟོབས་ཤུགས་ཀྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་གསོན་ཤུགས་དེ་བས་ཆེན་པོ་སྦྱིན་ཞིང་། རྟེན་མཛོད་ཁང་ཆེ་གྲས་ཁག་གིས“གནའ་རྫས་རྟོག་ཞིབ་ཀྱི་མུན་སྒམ”ཕྱེ་བ་ལས་གཞོན་ནུ་རྟེན་མཛོད་ཁང་དུ་སྐྱོད་མཁན་ཇེ་མང་དུ་ཕྱིན་པ་དང་། ཏུན་ཧོང་ཞིབ་འཇུག་ཁང་གི་ལོ་ན་གཞོན་པའི་གྲངས་འཛིན་ཅན་གྱི་ཚོགས་པས་རྙིང་འབུད་གསར་འདོན་བྱས་པ་ལས་ཏུན་ཧོང་རིག་དངོས་ཀྱི་གསོན་ཤུགས་ཇེ་ཆེར་རྒྱས་པ། སུའུ་ཀྲོའུ་དར་གོས་རྟེན་མཛོད་ཁང་གིས་ཉར་ཚགས་བྱས་པའི་རིག་དངོས་ཐོན་ཁུངས་འབོར་ཆེན་གྲངས་འཛིན་རྒྱུ་ནོར་དུ་བསྒྱུར་ནས་འབྲེལ་ཡོད་འགུལ་རིས་ཀྱི་མཆེད་རྫས་དང་རིག་གནས་བསམ་བཀོད་ཐོན་རྫས་སོགས་གསར་སྤེལ་བྱས་པར་གཞོན་ནུ་ཚོའི་དགའ་ཞེན་ཐོབ་པ་ལ་སོགས། སྤྱི་ཚོགས་ཀྱི་གསོན་ཤུགས་ལྡན་ཆེ་ཤོས་དང་གསར་གཏོད་རང་བཞིན་ལྡན་ཆེ་ཤོས་ཀྱི་ཚོགས་སྤྱི་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་འགྱུར་ལྡོག་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་གཞོན་ནུར་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་སྒོས་འཕེལ་རྒྱས་གཏོང་བར་ལྷན་སྐྱེས་ཀྱི་ལེགས་ཆ་ལྡན་ཡོད། མིག་སྔར་གཞོན་ནུ་དེ་བས་མང་བ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བའི་སྟོབས་ཤུགས་གསར་པར་གྱུར་ཡོད་ལ། གཞོན་ནུ་དེ་བས་མང་བ་མི་ཐབས་རིག་ནུས་དང་རྟོག་བཟོའི་དོན་དངོས་སོགས་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་པར་ཡང་གྱུར་ཡོད། “མངོན་མིན་རིག་གནས་ཤུལ་བཞག་དང་ཡུལ་སྐོར”ཟུང་འབྲེལ་དང“རིག་གནས་བསམ་བཀོད་དང་ཡུལ་སྐོར”ཟུང་འབྲེལ་བར་དང་། དེ་ནས“AIདང་ཡུལ་སྐོར”ཟུང་འབྲེལ་བར་དུ་གཞོན་ནུ་ཚོ་ནི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཚན་རྩལ་སོགས་ཀྱི་གཞི་རྒྱུ་དེ་ཡུལ་སྐོར་ཁྲོམ་ར་དང་ཟུང་འབྲེལ་བྱས་ནས་གསར་གཏོད་བྱེད་པར་བྱང་གོམས་དེ་བས་ཆེ། ཁོང་ཚོས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པ་ཟམ་མི་ཆད་བཏོད་ནས་རིག་གནས་དང་ཡུལ་སྐོར་ཐོན་ལས་ལ་གསོན་ཤུགས་གསར་པ་སྦྱིན་ཡོད།

རྒྱ་ཆེའི་གཞོན་ནུ་ནི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ནང་ཐེ་ཞུགས་བྱེད་མཁན་གལ་ཆེན་ཞིག་རེད་ལ། སྐུལ་འདེད་ཧུར་ཐག་གཏོང་མཁན་ཞིག་ཀྱང་རེད། དྲ་རྒྱའི་ཐོག་གི“འོས་འགན་དྲིལ་བསྒྲགས་པ”བྱས་ནས་ཕ་ཡུལ་གྱི་ཡུལ་སྐོར་འཕེལ་རྒྱས་འགྲོ་བར་བསྔགས་སྐུལ་བྱེད་པ་དང་། ཡང་ན་ཡུལ་སྐོར་བར་ས་གནས་དེ་གའི་ཁྱད་ལྡན་ཞིམ་ཟས་ངོ་སྤྲོད་བྱས་ནས་ཡུལ་སྐོར་བས་གྲོང་ཁྱེར་དེའི་ལྷག་བསམ་དང་སེམས་རྩ་འཁོལ་པོ་ཚོར་བར་བྱེད་པ། ཡང་ན་རིག་གནས་ཡུལ་སྐོར་གྱི་འབྲེལ་ཡོད་ལས་གནས་ནང་ཐད་ཀར་ཞུགས་ནས་རིག་གནས་བསམ་བཀོད་ཀྱི་དར་ཆེའི་ཐོན་རྫས་བཟོ་བ་བཅས་གང་ཞིག་ཡིན་རུང་། གཞོན་ནུ་ཚང་མས་རང་ཉིད་ཀྱི་ནུས་པས་གང་ལྕོགས་ཀྱི་བྱ་སྤྱོད་ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་དེའི་ནང་ཞུགས་དང་ཞུགས་མུས་ལགས།

(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)