《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月14日

ཟླ་4པའིCPIདུས་མཚུངས་ལས་0.3%འཕར་བ་དང་གྲོང་མིའི་འཛད་སྤྱོད་ཀྱི་དགོས་མཁོ་རྒྱུན་མཐུད་སླར་གསོ་བྱུང་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་འདི་ལོའི་ཟླ་4པའི་རྒྱལ་ཡོངས་ཀྱི་CPI(གྲོང་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས)དང་PPI(བཟོ་ལས་ཐོན་སྐྱེད་བཟོ་གྲྭ་ནས་ཐོན་པའི་རིན་གོང་སྟོན་གྲངས)ཀྱི་གྲངས་གཞི་ཁྱབ་བསྒྲགས་བྱས་པ་རེད། གྲངས་གཞི་ལས་མངོན་པར། ཟླ་4པར་གྲོང་མིའི་འཛད་སྤྱོད་དགོས་མཁོ་རྒྱུན་མཐུད་སླར་གསོ་བྱུང་བ་དང་རྒྱལ་ཡོངས་ཀྱི་CPIཟླ་བསྡུར་བྱས་ན་རིན་གོང་ཆག་པ་ནས་འཕར་ཏེ་དུས་མཚུངས་ལས་འཕར་ཡོད། བཟའ་བཅའ་དང་ནུས་རྒྱུའི་རིན་གོང་འཐེན་པའི་ལྟེ་བའི་CPIཟླ་བསྡུར་བྱས་ན་0.2%འཕར་བ་དང་། ཟླ་བ་གོང་མར་0.6%ཆག་པ། དུས་མཚུངས་ལས་0.7%འཕར་བ་དང་འཕར་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་0.1འཕར་ཡོད།

ཟླ་བསྡུར་ལ་བལྟས་ན། CPI0.1%འཕར་བ་དང་ཟླ་བ་གོང་མར་1.0%ཆག་ཡོད་པ་རེད། དེའི་ནང་བཟའ་བཅའི་རིན་གོང་1.0%ཆག་པ་དང་ཆག་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་2.2ཆུང་དུ་ཕྱིན་ནས་CPIཟླ་བསྡུར་བྱས་ན་བརྒྱ་ཆའི་གྲངས་0.19ཙམ་ཆག་རྒྱུར་ཤུགས་རྐྱེན་ཐེབས་ཡོད། བཟའ་བཅའ་མིན་པའི་ནང་ལྔ་གཅིག་གུང་གསེང་རིང་འགྲོ་སྐྱོད་བྱེད་ཚད་མང་དུ་ཕྱིན་པའི་ཤུགས་རྐྱེན་ཐེབས་ནས་གནམ་གྲུའི་སྤ་སེ་དང་། འགྲིམ་འགྲུལ་ཡོ་བྱད་བོགས་གཏོང་གྲོན་དངུལ། མགྲོན་ཁང་གི་ཞག་སྡོད། ཡུལ་སྐོར་འགྲོ་གྲོན་བཅས་ཚང་མ་ཆག་པ་ནས་འཕར་བ་དང་འཕར་ཚད་15.3%དང་། 9.0% 4.0% 2.7%བཅས་སོ་སོར་ཟིན་ཞིང་། བསྡོམས་རྩིས་བརྒྱབ་ན། CPIཟླ་བསྡུར་བྱས་ན་བརྒྱ་ཆའི་གྲངས་0.12ཙམ་འཕར་བར་ཤུགས་རྐྱེན་ཐེབས་ཡོད་པ་རེད།

དུས་མཚུངས་ནས་བལྟས་ན། CPI0.3%འཕར་བ་དང་འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.2འཕར་ཡོད་པ་རེད། དེའི་ནང་བཟའ་བཅའི་རིན་གོང་2.7%ཆག་པ་དང་ཆག་ཚད་ཟླ་བ་གོང་མ་དང་གཅིག་མཚུངས་ཡིན་པ་དང་CPIདུས་མཚུངས་ལས་བརྒྱ་ཆའི་གྲངས་0.49ཙམ་ཆག་རྒྱུར་ཤུགས་རྐྱེན་ཐེབས་ཡོད། བཟའ་བཅའ་མིན་པའི་ནང་ནུས་རྒྱུའི་རིན་གོང་3.6%འཕར་བ་དང་འཕར་ཚད་བརྒྱ་ཆའི་གྲངས་2.3འཕར་ཡོད། ནུས་རྒྱུ་འཐེན་པའི་བཟོ་ལས་འཛད་རྫས་ཀྱི་རིན་གོང་0.4%འཕར་བ་དང་འཕར་ཚད་བརྒྱ་ཆའི་གྲངས་0.3འཕར་ཡོད་པ་རེད།

(པ་ཕན་གྱིས་བསྒྱུར། ལྷག་ཚེས་ཞུས)