འདི་ག་ཚགས་པར་གྱི་གསར་འགོད་པ། སུན་ཤིའུ་ཡན།
རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བར་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་བྱེད་བཞིན་ཡོད་པས། མང་ཚོགས་ལ་ལས་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ལ་འགྱུར་ལྡོག་ཡོང་སྲིད་པར་སེམས་ཁྲལ་བྱེད་ཀྱི་ཡོད། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་ཇི་ལྟར་བྱེད་ཀྱི་ཡོད་དམ། སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ལ་ཤུགས་རྐྱེན་གང་ཐེབས་སྲིད་དམ། གོང་གསལ་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ཏེ། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ལན་བཏབ་པ་སྟེ།
གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་ཀྱི་དམིགས་ཡུལ་ནི་སྟབས་བདེའི“གྲོན་དངུལ་ཚོད་འཛིན”བྱེད་པ་ཞིག་གཏན་ནས་མིན།
དྲི་བ། མི་ལ་ལས་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་བྱེད་པའི་རྒྱུ་མཚན་ནི་སྨན་བཅོས་འགན་བཅོལ་ཐེབས་རྩར་དངུལ་མེད་པས་གྲོན་དངུལ་གཏོང་སྒོར་ཚོད་འཛིན་བྱེད་ཀྱི་ཡོད་ཅེས་ཤོད་ཀྱི་ཡོད། ཤོད་ཚུལ་འདི་ལ་གཞི་འཛིན་ས་ཡོད་དམ།
ལན། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་ནི་སྨན་བཅོས་འགན་བཅོལ་གཉེར་སྐྱོང་ལས་ཁུངས་ཀྱིས་སྨན་བཅོས་སྒྲིག་གཞིར་གྲོན་དངུལ་སྤྲོད་པའི་ཞིབ་ཕྲའི་བྱེད་ཐབས་ཤིག་ཡིན་ཞིང་། དེར་རྣམ་གྲངས་ལྟར་གྲོན་དངུལ་སྤྲོད་པ་དང་། ནད་རིགས་ལྟར་གྲོན་དངུལ་སྤྲོད་པ། ནད་ཁྲིར་ཉིན་རེའི་གྲོན་དངུལ་སྤྲོད་པ་སོགས་ཚུད་པ་དང་། བྱེད་ཐབས་མི་འདྲ་བས་ནད་ཐོག་སྨན་བཅོས་བྱེད་སྟངས་ལ་ཁྲིད་སྟོན་གྱི་ནུས་པ་མི་འདྲ་བ་ཐོན་གྱི་ཡོད། རང་རྒྱལ་གྱིས་སྔ་རྗེས་སུ་DRG(ནད་རིགས་བརྟག་དཔྱད་ཚོ་ཆུང་གཞིར་བཟུང)དང་DIP(ནད་རིགས་ཀྱི་སྟོན་གྲངས་ཆ་ཤས་གཞིར་བཟུང)གྲོན་དངུལ་སྤྲོད་སྟངས་ཚོད་ལྟ་བྱེད་འགོ་བཙུགས་ཡོད། ན་ནིང་ལོ་མཇུག་ཏུ་སྤྱི་འདོམས་བྱས་པའི་ས་ཁུལ་བཅུ་ཆ་དགུ་ལྷག་ཙམ་དུ་DRG/DIPགཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་བྱས་ཡོད། སྒྱུར་བཅོས་བྱས་རྗེས་སྒྱུར་བཅོས་ས་ཁུལ་གྱི་སྨན་ཁང་དུ་སྡོད་པར་སྨན་བཅོས་འགན་བཅོལ་ཐེབས་རྩས་རྣམ་གྲངས་ལྟར་གྲོན་དངུལ་སྤྲོད་པའི་བསྡུར་ཚད་བཞི་ཆ་གཅིག་ཡས་མས་བར་ཆག་ཡོད་པ་རེད།
གསལ་བཤད་བྱེད་དགོས་པ་ཞིག་ལ། གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་བྱེད་པའི་དམིགས་ཡུལ་ནི་སྟབས་བདེའི“གྲོན་དངུལ་ཚོད་འཛིན”བྱེད་པ་ཞིག་གཏན་ནས་མིན་པར། སྨན་བཅོས་སྒྲིག་གཞིས་ནད་ཐོག་གི་དགོས་མཁོར་དམིགས་ཏེ་འོས་འཚམ་གྱི་ལག་རྩལ་སྤྱད་དེ་ནད་གཞིར་བསྟུན་ནས་སྨན་བཅོས་དང་སྨན་བཅོས་ལུགས་དང་མཐུན་པར་བྱེད་པ་དང་། སྨན་ཐོ་མང་པོ་འབྲི་བ་དང་བརྟག་དཔྱད་གང་བྱུང་བྱེད་པ་སོགས་གཏན་འགོག་བྱས་ནས་འགན་བཅོལ་ནང་ཞུགས་མཁན་གྱི་ཁེ་དབང་དེ་བས་འགན་སྲུང་ཡག་པོ་བྱེད་པར་ཁྲིད་སྟོན་བྱ་རྒྱུ་དེ་རེད། སྒྱུར་བཅོས་བྱས་རྗེས་ཀྱི་གཏོང་སྤྲོད་ཚད་གཞི་ནི་སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཟོག་གོང་འགྱུར་ལྡོག་སོགས་དང་བསྟུན་ནས་དུས་ཐོག་ཏུ་མཐོ་རུ་འགྲོ་གི་ཡོད། ལོ་ལྟར་སྨན་བཅོས་འགན་བཅོལ་ཐེབས་རྩའི་གཏོང་སྒོ་རྦད་དེ་འཕར་གྱི་ཡོད་པ་དང་འབྲེལ་GDPདང་ཟོག་གོང་འཕར་ཚད་ལས་ཀྱང་མཐོ་བ་ཡོད་པ་རེད།
“ནད་ཁང་དུ་སྡོད་ཐེངས་གཅིག་ལ་ཉིན་15ལས་བརྒལ་མི་རུང་བའི”རིགས་ཀྱི་ཚད་བཀག་རང་བཞིན་གྱི་གཏན་འབེབས་གཏན་ནས་བཟོ་མྱོང་མེད།
དྲི་བ། ལོ་འདི་དག་རིང་། ས་ཁུལ་ཁ་ཤས་སུ་ནད་པ་ཁག་གཅིག་ནད་ཁང་དུ་བསྡད་ནས་གཟའ་འཁོར་གཉིས་སོང་རྗེས་སྨན་ཁང་ནས་དོན་ཏེ་བསྐྱར་དུ་ནད་ཁང་དུ་སྡོད་པའི་འགྲོ་ལུགས་གཉེར་དགོས་པའི་རེ་བ་བཏོན་པ་མ་ཟད། དེ་ནི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་བྱས་རྗེས“ནད་ཁང་དུ་སྡོད་ཐེངས་གཅིག་ལ་ཉིན་15ལས་བརྒལ་མི་རུང་བའི”གཏན་འབེབས་རེད་ཅེས་ཤོད་ཀྱི་ཡོད། གནས་ཚུལ་འདི་གང་འདྲ་ཡིན་ནམ།
ལན། རྒྱལ་ཁབ་སྨན་བཅོས་འགན་སྲུང་སྡེ་ཚན་གྱིས“ནད་ཁང་དུ་སྡོད་ཐེངས་གཅིག་ལ་ཉིན་15ལས་བརྒལ་མི་རུང་བའི”རིགས་ཀྱི་ཚད་བཀག་རང་བཞིན་གྱི་གཏན་འབེབས་གཏན་ནས་བཟོ་མྱོང་མེད། 2022ལོར་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས《སྨན་བཅོས་འགན་བཅོལ་གྱི་ལུགས་མཐུན་མིན་པའི་ཚད་བཀག་ཕྱོགས་ཡོངས་ནས་གྲལ་བཤེར་སྒོས་མེད་པར་བཟོ་རྒྱུའི་སྐོར་གྱི་བརྡ་ཐོ》ཆེད་མངགས་བཀྲམ་ནས་ས་གནས་ཁག་གི་སྨན་བཅོས་འགན་སྲུང་སྡེ་ཚན་ལ་སྨན་བཅོས་སྒྲིག་གཞིར་ལུགས་མཐུན་མིན་པའི་ཚད་བཀག་ཕྱོགས་ཡོངས་ནས་གྲལ་བཤེར་གཏིང་ཟབ་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། གནད་དོན་ཡོད་པའི་ས་གནས་ཀྱིས་ཀྱང་ཚད་བཀག་དེ་རིགས་མེད་པར་བཟོས་ཟིན།
“ནད་ཁང་དུ་སྡོད་ཐེངས་གཅིག་ལ་ཉིན་15ལས་བརྒལ་མི་རུང་བའི”གནས་ཚུལ་ནི། སྨན་བཅོས་སྒྲིག་གཞི་ཁག་གཅིག་གིས“ཆ་སྙོམས་ནད་ཁང་དུ་སྡོད་པའི་ཉིན་གྲངས”དང“ཐེངས་རེའི་ཆ་སྙོམས་འགྲོ་གྲོན”སོགས་ཀྱི་དཔྱད་ཞིབ་དམིགས་ཚད་འགྲུབ་ཆེད་དོ་དམ་བྱེད་ཐབས་རོབ་ཙམ་བཀོད་སྒྲིག་བྱས་པ་ཡིན་སྲིད། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཚད་གཞིའི“ཆ་སྙོམས་གྲངས་ཐང”དེ“བཅད་གྲངས”སུ་བསྒྱུར་ནས“སྨན་བཅོས་འགན་བཅོལ་གྱི་བཅད་གྲངས་སུ་སླེབས་པར”ཁ་གཡར་ཏེ་ནད་པ་ནད་ཁང་ནས་དོན་དགོས་པ་དང་སྨན་ཁང་བསྒྱུར་བའམ་ཡང་ན་སོ་སོས་གྲོན་དངུལ་བཏང་ནས་ནད་ཁང་དུ་སྡོད་དགོས་པའི་རེ་བ་འདོན་པ་སོགས་ཀྱི་གནས་ཚུལ་རིགས་ལ། ང་ཚོས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་མ་ཟད། མང་ཚོགས་ཀྱིས་ཐེར་འདོན་བྱེད་པར་རྒྱབ་སྐྱོར་ཡང་ཞུས་ནས་ཐག་གཅོད་ནན་པོ་བྱེད་ཀྱི་ཡིན།
ཆ་རྐྱེན་དང་མཐུན་པའི་སྨན་རྫས་གསར་པ་དང་ལག་རྩལ་གསར་པ་དངོས་སུ་བཏང་བའི་འགྲོ་སོང་ལ་གཞིགས་ནས་རྩིས་རྒྱག་ཆོག
དྲི་བ། ནད་རིགས་གཞིར་བཟུང་གྲོན་དངུལ་སྤྲོད་པའི་རྣམ་པའི་འོག་སྨན་བཅོས་སྒྲིག་གཞིས་སྒྲིག་ཆས་གསར་པ་སྒྲིག་པའམ་ཡང་ན་ནད་པར་རིན་གོང་མཐོ་བའི་སྨན་གསར་པ་སྤྱད་ན་མ་གནས་ཀྱི་ཁུར་པོ་ཡོང་སྲིད་དམ། སྨན་དོན་པས་སྨན་བཅོས་བྱེད་པའི་བརྒྱུད་རིམ་ནང་མ་གནས་མཐོ་བའི་སྨན་རྫས་གསར་པ་དང་ལག་རྩལ་གསར་པ་སྤྱད་ཚེ་བྱས་འབྲས་གླ་ཆ་འཕར་སྲིད་དམ།
ལན། ས་ཁུལ་ཁ་ཤས་ཀྱི་སྨན་བཅོས་སྒྲིག་གཞི་ཁ་ཤས་ལ་གནད་དོན་འདི་འདྲ་བྱུང་བ་ནི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་བྱེད་པའི་དམིགས་ཡུལ་མིན། དེ་ལས་ལྡོག་སྟེ། ནད་ཐོག་ཏུ་ལག་རྩལ་གསར་པ་སྤྱོད་པར་རྒྱབ་སྐྱོར་དང་ནད་གཞི་ལྕི་རིགས་ཕོག་པའི་ནད་པར་སྨན་བཅོས་གང་ལེགས་བྱ་ཆེད། གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་བྱེད་རིང་ད་དུང་འབྲེལ་ཡོད་སྒྲིག་སྲོལ་སྤྱད་ཡོད་པ་སྟེ། དཔེར་ན་ཆ་རྐྱེན་དང་མཐུན་པའི་སྨན་རྫས་གསར་པ་དང་ལག་རྩལ་གསར་པ་དེ་ནད་རིགས་ཀྱི་གཏོང་སྤྲོད་ཚད་གཞིའི“དེ་མིན་གཏོང་སྤྲོད”སྒྲིག་སྲོལ་དང་། ནད་རིགས་ཀྱི་ཆ་སྙོམས་འགྲོ་གྲོན་ལས་མངོན་གསལ་དོད་པོས་མཐོ་བའི་ནད་གཞི་ལྕི་རིགས“དམིགས་བསལ་ནད་གཞི་ལོགས་སུ་གྲོས་བསྡུར”གྱི་སྒྲིག་སྲོལ་ནང་མ་བཅུག་ན་ཆོག་པ་དང་། དེ་དག་ཚང་མ་དངོས་སུ་བཏང་བའི་འགྲོ་སོང་ལྟར་བསྡོམས་རྩིས་རྒྱག་ཆོག་པས་འགན་བཅོལ་ནང་ཞུགས་མཁན་དང་། སྨན་བཅོས་སྒྲིག་གཞི། སྨན་དོན་པ་བཅས་བློ་བདེ་པོ་བྱེད་ཆོག
སྨན་བཅོས་གནད་དོན་ཧ་ཅང་རྙོག་འཛིང་ཆེ་ལ་སྨན་བཅོས་ཁྱབ་ཁོངས་ཀྱི་ལག་རྩལ་ཡར་རྒྱས་མགྱོགས་པོ་འགྲོ་གི་ཡོད་པས། སྨན་བཅོས་འགན་བཅོལ་གཏོང་སྤྲོད་སྲིད་ཇུས་ལའང་སྨན་བཅོས་དངོས་དང་མི་མཐུན་པ་དང་ནད་ཐོག་འཕེལ་རྒྱས་ཀྱི་རྗེས་སུ་ལུས་པའི་གནས་ཚུལ་ཡོད་པ་ནི་གདོན་མི་ཟ། དེས་ན་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་རྒྱ་ཆེའི་སྨན་བཅོས་ལས་ཁུངས་དང་སྨན་དོན་པར་ཕྱོགས་པའི་བསམ་འཆར་བསྡུ་རུབ་ལམ་སྲོལ་དང་DRG/DIPཚོགས་ཆུང་ཁག་བགོས་སྒྲིག་སྲོལ་ལེགས་སྒྲིག་ལམ་སྲོལ་བཙུགས་ཏེ། སྨན་དོན་པས་བཏོན་པའི་བསམ་འཆར་དང་གྲོས་འགོ་དང་དེ་བཞིན་དངོས་སུ་བཏང་བའི་སྨན་བཅོས་འགྲོ་སོང་གི་གྲངས་གཞི་རྨང་གཞིར་བྱས་ནས་ཚོགས་ཆུང་ཁག་བགོས་ལ་སྟབས་བསྟུན་དང་རྒྱུན་རྣམ་ཅན་གྱི་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། དུས་བཀག་ལྟར་པར་གཞི་གསར་བརྗེས་དང་ལེགས་སུ་གཏོང་བ། སྨན་བཅོས་སྒྲིག་གཞིའི་རེ་འདུན་ལ་ལན་གང་ལེགས་སློག་པ་བཅས་བྱས་ནས་སྨན་བཅོས་འགན་བཅོལ་གཏོང་སྤྲོད་བྱེད་སྟངས་ཀྱི་ཚན་རིག་དང་རང་བཞིན་དང་ལུགས་མཐུན་རང་བཞིན་འགན་ལེན་བྱེད་ངེས་རེད།
(ཚེ་བརྟན་སྒྲོལ་དཀར་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)