འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཚོང་དོན་པུས་འཚོགས་པའི་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཧོ་ཡ་ཏུང་གིས་ཚར་མ་ཐག་པའི“ལྔ་གཅིག”གུང་གསེང་རིང་འཛད་སྤྱོད་ཁྲོམ་ར་དར་རྒྱས་ཆེ་ཞིང་འཁྲུག་ཆ་དོད་ལ། བཀྲག་མདངས་འཚེར་ས་ཡང་མང་པོ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
འཛད་སྤྱོད་ཁྲོམ་རར་གསོན་ཤུགས་ཀྱིས་ཁེངས་ཤིང་། ཚོང་དོན་པུས་ཚོང་དོན་གྲངས་གཞི་ཆེན་པོར་ལྟ་ཞིབ་ཚད་ལེན་བྱས་པར་གཞིགས་ན། དུས་ཆེན་རིང་རྒྱལ་ཡོངས་ཀྱི་སིལ་ཚོང་དང་བཟའ་བཏུང་གི་གཙོ་གནད་ཁེ་ལས་ཀྱི་ཕྱིར་ཚོང་དངུལ་འབོར་ན་ནིང་གི་དུས་མཚུངས(2023ལོའི་ཟླ་4ཚེས་29ཉིན་ནས་ཟླ་5ཚེས་3ཉིན་བར)ལས་6.8%འཕར་ཡོད། ས་གནས་ཁག་ཏུ་ཚོང་སྐོར་ལ་ཡོང་མཁན་ཧ་ཅང་མང་པོ་ཡོད་པ་དང་གྲོང་ཁྱེར་ཆེ་འབྲིང་36གི་གཙོ་གནད་ཚོང་སྐོར་གྱི་འགྲུལ་རྒྱུན་དུས་མཚུངས་ལས་15.1%འཕར་ཡོད། དྲ་ཐོག་འཛད་སྤྱོད་མགྱོགས་མྱུར་འཕར་བ་དང་རྒྱལ་ཡོངས་ཀྱི་ཚོང་ཟོག་དྲ་ཐོག་ནས་སིལ་ཚོང་བྱས་པའི་དངུལ་འབོར་དུས་མཚུངས་ལས་15.8%འཕར་ཡོད་པ་རེད།
རྙིང་སྤྲོད་གསར་ལེན་ལ་དགའ་བསུ་ཆེན་པོ་ཐོབ་ཅིང་། ས་གནས་ཁག་གིས་འཛད་རྫས་རྙིང་སྤྲོད་གསར་ལེན་གྱི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ། སྲིད་གཞུང་གི་ཁ་གསབ་དང་། ཁེ་ལས་ཀྱི་གཟིགས་སྐྱོང་། ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་སོགས་བྱེད་སྟངས་སྣ་ཚོགས་བརྒྱུད་གྲོང་མིའི་རྙིང་སྤྲོད་གསར་ལེན་གྱི་འཛད་སྤྱོད་ཀྱི་སྤྲོ་སེམས་འཕེལ་བར་བྱས་ཡོད། དུས་ཆེན་རིང་ཚོང་དོན་པུས་གཙོ་གནད་ཐོག་ལྟ་ཞིབ་ཚད་ལེན་བྱས་པའི་སིལ་ཚོང་ཁེ་ལས་ཀྱི་རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། ཁྱིམ་ཆས་བཅས་ཀྱི་ཕྱིར་ཚོང་དངུལ་འབོར་དུས་མཚུངས་ལས་4.8%དང་། 7.9% 4.6%བཅས་སོ་སོར་འཕར་ཡོད་པ་རེད།
ཞབས་ཞུའི་འཛད་སྤྱོད་བྱེད་མཁན་ཧ་ཅང་མང་པོ་ཡོད་ཅིང་། དུས་ཆེན་རིང་ཚོང་དོན་པུས་གཙོ་གནད་ཐོག་ལྟ་ཞིབ་ཚད་ལེན་བྱས་པའི་བཟའ་བཏུང་ཁེ་ལས་ཀྱི་ཕྱིར་ཚོང་དངུལ་འབོར་7.1%འཕར་བ་དང་དྲ་ཐོག་ཚོང་དོན་ལས་སྟེགས་ཁག་གཅིག་གི་ཞག་སྡོད་འགྲོ་གྲོན་དངུལ་འབོར་6%འཕར་ཡོད། ཡུལ་སྐོར་ཁྲོམ་རའི་ཚ་རླབས་མཐོ་རུ་སོང་ཞིང་། རྒྱལ་ནང་དུ་ཡུལ་སྐོར་བྱེད་མཁན་མི་ཐེངས་དུས་མཚུངས་ལས་7.6%འཕར་བ་དང་ཡུལ་སྐོར་གྱི་སྤྱིའི་འགྲོ་གྲོན་12.7%འཕར་ཡོད། “ལྔ་གཅིག”རིང་རྒྱལ་ཡོངས་ཀྱི་གློག་བརྙན་སྤ་སེ་བཙོངས་ཚད་སྒོར་དུང་ཕྱུར་15.27ཟིན་ནས་ན་ནིང་གི་དུས་མཚུངས་ལས་བརྒལ་ཡོད་པ་རེད།
(ལྷག་ཚེས་བསྒྱུར། བདེ་དབང་གིས་ཞུས)