ཤིན་ཧྭ་གསར་འགྱུར་ཁང་ཀུའེ་དབྱང་ནས་ཟླ་5ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན། རྒྱལ་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་གཉིས་པ་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་དུ་འགོ་ཚུགས་པ་དང་། རྒྱལ་དོན་ཨུ་ཡོན་ཁྲེན་དབྱི་ཆིན་འགོ་ཚུགས་མཛད་སྒོར་ཞུགས་ནས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
རྒྱལ་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་གཉེར་བ་ནི་གྲོང་གསེབ་དར་རྒྱས་དང་རྩལ་ནུས་ཤེས་ལྡན་མི་སྣའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་ཤིག་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་མ་ལག་འཛུགས་པའི་ནང་དོན་གལ་ཆེན་ཞིག་རེད། ཁྲེན་དབྱི་ཆིན་གྱིས་ས་གནས་ས་ཐོག་ནས་གྲོང་གསེབ་ཀྱི་བཟོ་བོའི་རྩལ་ནུས་འགྲེམས་སྟོན་དང་། ཕྲུ་གུ་གསོ་སྐྱོང་། རྒན་གསོ་བདག་སྐྱོང་སོགས་ཀྱི་འགྲན་བསྡུར་རྣམ་གྲངས་ལ་གཟིགས་ཏེ། གྲོང་གསེབ་དར་རྒྱས་ཁྱབ་ཁོངས་ཀྱི་རྩལ་ནུས་ཤེས་ལྡན་མི་སྣའི་དཔུང་ཁག་མགྱོགས་མྱུར་གསོ་སྐྱོང་དང་ལས་རིགས་རྩལ་ནུས་འགྲན་བསྡུར་གྱི་སྣེ་ཁྲིད་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་རྩལ་ནུས་མཐོ་རུ་བཏང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
སྐབས་འདིའི་འགྲན་བསྡུར་ཆེ་མོའི་ནང“རྩལ་ནུས་ཀྱི་ཉམས་འགྱུར་ངོམས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱེད་པ་དང། “སྟབས་བདེ་དང་། ལྗང་མདོག བདེ་འཇགས། ཁྱད་ཆོས”བཅས་དམིགས་ཚད་དུ་བྱས་ནས། རྩིག་པ་རྒྱག་པ་དང་། ཞིང་འཕྲུལ་ཉམས་གསོ། རྒན་གསོ་བདག་སྐྱོང་། ཕྲུ་གུ་གསོ་སྐྱོང་། གློག་རྡུལ་ཚོང་དོན་སོགས་འགྲན་བསྡུར་རྣམ་གྲངས་11དང་ལག་ཤེས་འཚེམ་དྲུབ་དང་ལག་ཤེས་བསླས་འཐག་གི་འཁྲབ་སྟོན་རྣམ་གྲངས་2བཀོད་སྒྲིག་བྱས་ཡོད་པ་རེད། འགྲན་བསྡུར་ཆེ་མོ་ནི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། ཞིང་ལས་གྲོང་གསེབ་པུའུ། ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་དང་དེ་བཞིན་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཀྱི་འཐུས་མི་ཚོགས་པ་32འགྲན་བསྡུར་ལ་ཞུགས་པ་དང་བདམས་ཐོན་པ་700ལྷག་ཙམ་རྒྱལ་ཡོངས་ཀྱི་མཐའ་བསྡུར་ལ་ཞུགས་རྒྱུ་རེད། དུས་མཚུངས་ད་དུང་གྲོང་གསེབ་དར་རྒྱས་ཀྱི་རྩལ་ནུས་མཐོར་གཏོང་འདུ་འགོད་ཀྱི་ཉམས་མྱོང་སྤེལ་རེས་དང“རྩལ་ནུས་ཀྱི་ཀྲུང་གོའི་བྱ་སྤྱོད། 2024ལོར་ཀུའེ་ཀྲོའུ་རུ་སྐྱོད”ཅེས་པའི་རྩལ་ནུས་འགྲེམས་སྟོན་དང་སྤེལ་རེས་སོགས་ཀྱི་བྱེད་སྒོ་ཡང་སྤེལ་རྒྱུ་རེད།
(ཉི་དོན་གྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)