ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་ཏ་ཕེ་སི་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུ་ཏ་ཕེ་སིའི་ཙུང་ལིའི་ལས་ཤག་ཏུ་ཧང་ག་རིའི་ཙུང་ལི་ཨོར་པན་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཀྲུང་ཧང་འབྲེལ་བ་དེ་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་པ་སྤོར་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔར། ཀྲུང་ཧང་གི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། ཀྲུང་ཧང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པའི་དཔེ་མཚོན་ཞིག་གཏོད་པ་བཅས་བྱས་ཡོད། འདི་ལོ་ནི་ཀྲུང་ཧང་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་ཞིག་ཡིན་པ་དང་། ཀྲུང་ཧང་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་གོ་སྐབས་གསར་པ་གལ་ཆེན་ཐོབ་ཡོད། རྒྱལ་ཁབ་གཉིས་པོས་མུ་མཐུད་ཕན་ཚུན་ཡིད་ཆེས་རོགས་རེས་ཀྱི་གྲོགས་པོ་བཟང་པོ་དང་མཉམ་ལས་གཉིས་ཕན་གྱི་རོགས་ཟླ་བཟང་པོ་མུ་མཐུད་བྱས་ཏེ་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་གོ་སྐབས་སུ་བྱས་ནས། རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་སྟོབས་དང་ལྡན་པའི་སྒུལ་ཤུགས་གསར་པ་སྣོན་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོར་འཛིན་པའི་མཛའ་གྲོགས་སྲིད་ཇུས་ཡུན་རིང་ལག་ལེན་བསྟར་བར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད། ཐའེ་དབན་དང་། ཤང་ཀང་། འགྲོ་བ་མིའི་ཐོབ་ཐང་སོགས་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་དར་ཆ་གསལ་སྟོན་དང་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་གནང་གི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རིས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་དང་ཧང་ག་རི་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་། ཁྲིམས་འཛུགས་སྒྲིག་གཞི། སྲིད་ཏང་བཅས་དབར་གྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་མུ་མཐུད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་འདོད་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཧང་ག་རི་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་གོ་སྐབས་དེ་བས་མང་བ་མཁོ་འདོན་ཐུབ་ངེས་ཡིན་པས། ཧང་ག་རི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུའི་ཐོག་གི་མཉམ་སྐྱོད་པར་འགྱུར་རྒྱུར་དགའ་བསུ་ཞུ་གི་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་ཧང་སྲིད་གཞུང་དབར་གྱི“རྒྱུད་གཅིག་ལམ་གཅིག”མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་ཀྱི་ལམ་སྲོལ་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་དང་ལྗང་མདོག་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་དུས་བཀག་ལྟར་ཧང་སེར་ལྕགས་ལམ་འཛུགས་སྐྲུན་ལེགས་སྒྲུབ་བྱེད་པ་དང་། ནུས་རྒྱུ་གཙང་མ་དང་མིས་བཟོས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེ་རུ་ཧུར་ཐག་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་གསུངས་དོན། ན་ནིང་ལོ་འགོར་ངས་ཧང་ཀྲུང་སྐད་གཉིས་སློབ་གྲྭའི་སློབ་མར་འཕྲིན་ལན་བསྐུར་ནས་རྒྱལ་ཁབ་གཉིས་པོའི་གཞོན་ནུ་ལོ་ཆུང་ལ་ཐུན་མོང་ཐོག་ཀྲུང་ཧང་མཛའ་གྲོགས་བྱ་གཞག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་དགོས་པའི་ལྕག་སྐུལ་བྱས་པ་ཡིན། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་སྐད་ཡིག་སློབ་ཁྲིད་ལ་མུ་མཐུད་རྒྱབ་སྐྱོར་བྱེད་པ་དང་མི་ཆོས་རིག་གནས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་དང་མཉམ་དུ་ཕྱོགས་མང་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་གཏོང་བ། རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་སྲུང་སྐྱོང་བྱེད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱེད་འདོད་ཡོད།
ཞི་ཅིན་ཕིང་གིས་གསུངས་དོན། ཡོ་རོབ་ནི་སྣེ་མང་འཛམ་གླིང་ཁྲོད་ཀྱི་སྣེ་གལ་ཆེན་ཞིག་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་རོགས་ཟླ་གལ་ཆེན་ཞིག་རེད། འདི་ལོའི་ལོ་སྨད་དུ་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་སྐྱོན་བྲལ་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་ལ་ནང་སྐྱེས་སྒུལ་ཤུགས་ཆེན་པོ་ལྡན་པས་ཧང་ག་རི་ཕྱོགས་ཀྱིས་མུ་མཐུད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པར་བསྐྲུན་རྒྱུའི་རེ་བ་ཡོད།
ཨོར་པན་གྱིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན། ལོ་15ཡི་གོང་སྐུ་ཉིད་ཧང་ག་རིར་འཚམས་འདྲི་གནང་བར་ཕེབས་པའི་གནས་ཚུལ་ངས་གསལ་པོ་ངེས་ཀྱི་འདུག ལོ་15ཡི་རིང་ང་ཚོ་རང་རང་སོ་སོའི་རྒྱལ་ཁབ་དང་ཧང་ཀྲུང་འབྲེལ་བ་ཡར་རྒྱས་ཧ་ཅང་ཆེན་པོ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཧང་ཀྲུང་འབྲེལ་བར་གྲུབ་འབྲས་ཐོབ་པ་དེ་ཐོག་ནས་རྒྱལ་ཁབ་ཆེ་ཆུང་དབར་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་ལས་བྱེད་ཆོག་པ་ར་འཕྲོད་བྱུང་ཡོད། སྐུ་ཉིད་འདི་གར་འཚམས་འདྲིར་ཕེབས་པ་དེས་ཧང་ཀྲུང་དབར་གྱི་མཛའ་གྲོགས་ཟབ་མོ་དང་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་སླར་ཡང་མངོན་ཡོད་པས་ཧང་ག་རི་དང་ཧང་ཀྲུང་དབར་གྱི་འབྲེལ་བར་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་ཧང་ཀྲུང་འབྲེལ་བ་དེ་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པས་འབྱུང་འགྱུར་གྱི་ཧང་ཀྲུང་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཧང་ཀྲུང་འབྲེལ་བའི་མདུན་ལམ་ལ་ངར་ཡིད་ཆེས་ཀྱིས་ཁེངས་ཡོད།
ཨོར་པན་གྱིས་གསུངས་དོན། ཧང་ག་རིར་དཀའ་ངལ་འཕྲད་སྐབས་ཀྲུང་གོ་ཕྱོགས་ཀྱིས་དུས་ཐོག་ཏུ་རྩ་ཆེའི་རྒྱབ་སྐྱོར་གནང་བ་ཧང་ག་རི་ཕྱོགས་ཀྱིས་བརྗེད་མི་སྲིད། མུ་མཐུད་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་གྲོགས་པོ་བློས་ཐུབ་བྱས་ནས་ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ཀྱི་ལྟེ་བའི་ཁེ་ཕན་དང་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཧང་ག་རི་ཕྱོགས་ཀྱིས་སྔོན་ཆད་དང་། ད་ལྟ། འབྱུང་འགྱུར་བཅས་ཚང་མར་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་བརྟན་པོ་ཞུ་རྒྱུ་ཡིན། ཧང་ཀྲུང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ནས་ཧང་ག་རིར་ལས་ཞུགས་བཏོད་པ་དང་དམངས་འཚོ་ལེགས་སུ་གཏོང་རོགས་བྱས་ཡོད། ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མུ་མཐུད“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་ནང་ཧང་སེར་ལྕགས་ལམ་སོགས་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཆེ་གྲས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་ཚོང་དོན་དང་ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ལ། ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཧང་ག་རིར་མ་འཇོག་མཉམ་ལས་ལ་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན། ཧང་ག་རི་ཕྱོགས་ཀྱིས“ཐོན་ནུས་ཆེ་དྲགས་པའམ”ཡང་ན“ཉེན་ཁ་སེལ་བ”སོགས་ཀྱི་ཤོད་ཚུལ་ཁས་ལེན་གྱི་མེད། ཧང་ག་རི་ཕྱོགས་ལ་ཀྲུང་གོ་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ཆོད་སེམས་བརྟན་པོ་ཡོད་པས་སྟོབས་ཤུགས་གང་རུང་གིས་འགོག་རྐྱེན་བཟོ་ཐབས་བྲལ་ཡོད། ཧང་ག་རི་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པར་རྒྱབ་སྐྱོར་བྱེད་པ་དང་ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་ཞི་བདེར་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་བཏོན་པར་བསྔགས་བརྗོད་བྱེད་ཀྱི་ཡོད། ཀྲུང་གོའི་འཕེལ་རྒྱས་ནི་ཡོ་རོབ་ངོས་ནས་བརྗོད་ན་གོ་སྐབས་ཤིག་ཡིན་པ་ལས་ཉེན་ཁ་ཞིག་ག་ལ་ཡིན། ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་གི་འབྲེལ་གཏུག་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ལ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད། ལོ་སྨད་དུ་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཧང་ག་རི་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དང་ཀྲུང་གོའི་དབར་མཉམ་ལས་བྱ་རྒྱུར་འབད་བརྩོན་ཧུར་ཐག་བྱེད་འདོད་ཡོད།
རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཡུག་རེན་གྱི་ཉམས་ཉེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བར་འདུམ་མཐུན་འཇུག་ལ་གཞོལ་ནས་མུ་མཐུད་འབྲེལ་ཡོད་ཕྱོགས་ཁག་དང་མཉམ་དུ་སྔ་ཙམ་ཞི་བདེ་ཡོང་ཆེད་འབད་འཐབ་ཧུར་ཐག་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
གྲོས་མོལ་གནང་རྗེས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། དཔལ་འབྱོར་ཚོང་དོན། མ་འཇོག ཚན་རྩལ། རིག་གནས། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོ་བརྗེ་རེས་བྱས་པར་ལྷན་དུ་དཔང་པོ་གནང་ཡོད།
རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ད་དུང་ལྷན་དུ་གསར་འགོད་པ་དང་མཇལ་འཕྲད་གནང་བ་རེད།
ཕྱོགས་གཉིས་པོས《དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧང་ག་རིའི་མཉམ་འབྲེལ་གསལ་བསྒྲགས》དང་འཚམས་འདྲི་གནང་འབྲས་ཀྱི་ཡིག་ཆའི་གསལ་ཐོ་ཁྱབ་བསྒྲགས་བྱས་པ་རེད།
དེ་ཉིན་དགོང་མོར་ཨོར་པན་དང་སྐུ་ཟླ་ལེ་ཨོ་དབྱིས་ཁྲེང་ཕོ་བྲང་པའོ་ཧྲན་དུ་ཞི་ཅིན་ཕིང་དང་ཕེང་ལི་ཡོན་ལ་དགའ་བསུ་གཟབ་རྒྱས་ཞུ་བའི་གསོལ་སྟོན་བཤམས་གནང་བ་རེད།
(བསོད་བདེ་གཞོན་པ་དང་བསྟན་བཟང་གིས་སྒྱུར་ཞུས་བྱས)