ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་ཏ་ཕེ་སི་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པུ་ཏ་ཕེ་སིར་ཧང་ག་རིའི་ཙུང་ཐུང་ཧྲུའུ་ཡིའུ་ཁེ་དང་ཙུང་ལི་ཨོར་པན་རྣམ་གཉིས་ཀྱིས་གཉེར་བའི་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ལ་ཞུགས་པ་རེད།
དབྱར་སྟོད་དུ། པུ་ཏ་ཕེ་སིར་ཉི་འོད་རབ་ཏུ་འཚེར་ཞིང་། གནའ་བོའི་བརྗིད་ཉམས་ལྡན་པའི་རྒྱལ་པོའི་ཕོ་བྲང་པུ་ཏ་འགྱིང་ངེར་གནས་པ་དང་། ཀྲུང་ཧང་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།
ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་བཞུགས་པའི་རྒྱལ་ཁབ་ཀྱི་སྐུ་མགྲོན་རླངས་འཁོར་རུ་ཁག་ཧང་ག་རིའི་སྐུ་སྲུང་རྟ་རགས་རུ་ཁག་གི་སྲུང་སྐྱོང་འོག་རྒྱལ་པོའི་ཕོ་བྲང་པུ་ཏའི་ནང་དལ་བུར་ཡོང་ཞིང་། ཙུང་ཐུང་ཧྲུའུ་ཡིའུ་ཁེ་སྟངས་དཔྱལ་དང་ཙུང་ལི་ཨོར་པན་སྟངས་དཔྱལ་གྱིས་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་པ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་ལྷན་དུ་གཟིགས་སྟེགས་ཐོག་ཕེབས་པ་དང་། དམག་མིའི་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་རེད། ཞི་ཅིན་ཕིང་གིས་ཧྲུའུ་ཡིའུ་ཁེ་ཡི་ཕེབས་རོགས་འོག་རྒྱལ་སྲུང་དམག་གི་གཟབ་སྦྲེང་རུ་ཁག་དང་རྟ་དམག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་སྟངས་དཔྱལ་གྱིས་ཕེབས་རོགས་ཞུ་མཁན་ལ་ཕྱག་བཏང་ནས་ཕན་ཚུན་འཚམས་འདྲི་གནང་བ་རེད།
དགའ་བསུ་ཞུ་བའི་མཛད་སྒོ་ཚར་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་སྟངས་དཔྱལ་གྱིས་ཙུང་ཐུང་ཧྲུའུ་ཡིའུ་ཁེ་སྟངས་དཔྱལ་དང་ཙུང་ལི་ཨོར་པན་སྟངས་དཔྱལ་དང་བྱམས་བརྩེའི་ངང་ཞལ་གྱེས་ཞུས་པ་དང་། དུས་ཚོད་ཅུང་ཙམ་སོང་རྗེས་ཁག་སོ་སོར་མཇལ་འཛོམས་གནང་ནས་ཀྲུང་གོ་དང་ཧང་ག་རིའི་འབྲེལ་བའི་འབྱུང་འགྱུར་ཐུན་མོང་ཐོག་འཆར་འགོད་གནང་བ་རེད།
(ཉི་དོན་གྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)