《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月10日

ཞི་ཅིན་ཕིང་ཙུང་ཐུང་ཝུའུ་ཆི་ཆིའི་ཞལ་གྱེས་ཞུ་བའི་མཛད་སྒོར་ཞུགས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེར་ཀེ་ལའེ་ཏེ་ནས་ཟླ་5ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་8ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སེར་པི་ཡར་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་ཉེར་ཡོད་པའི་སྐབས་སུ། སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་སྐུ་ཟླ་ཐཱ་མ་ལཱ་ཡིས་པེར་ཀེ་ལའེ་ཏེའི་ཞི་བདེའི་སྤྲོ་ཁང་དུ་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ལ་ཞལ་གྱེས་ཞུ་བའི་གསོལ་སྟོན་བཤམས་པ་རེད།

དབྱར་གྱི་དུས་འགོར་ནམ་མཁའ་སྔོ་ཞིང་དྭངས་བ་དང་། ཙུང་ཐུང་ཝུའུ་ཆི་ཆི་སྟངས་དཔྱལ་གྱིས་ཞི་བདེའི་སྤྲོ་ཁང་དུ་ཞི་ཅིན་ཕིང་དང་ཕེང་ལི་ཡོན་ལ་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་གནང་བ་རེད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་གཉིས་མཉམ་དུ་ཉི་ཁྱམས་སུ་ཕེབས་ནས་པེར་ཀེ་ལའེ་ཏེའི་གྲོང་ཁྱེར་གྱི་རྣམ་པར་རྒྱང་གཟིགས་གནང་ཞིང་། ཝུའུ་ཆི་ཆིས་ཞི་ཅིན་ཕིང་ལ་པེར་ཀེ་ལའེ་ཏེའི་གྲོང་ཁྱེར་གྱི་ལོ་རྒྱུས་དང་ཉེ་བའི་ལོ་ཤས་རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་ངོ་སྤྲོད་གནང་བ་དང་། ཀྲུང་གོའི་ཁེ་ལས་དང་བཟོ་པས་སེར་པི་ཡའི་རྨང་གཞིའི་སྒྲིག་བཀོད་དང་གྲོང་ཁྱེར་འཛུགས་སྐྲུན་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད། ཝུའུ་ཆི་ཆིས་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་རླབས་ཆེན་གྱི་རྒྱལ་ཁབ་ཅིག་རེད། ཉེ་བའི་ལོ་ཤས་རིང་ཀྲུང་གོར་འཕེལ་རྒྱས་མྱུར་པོ་བྱུང་ཡོད། རྒྱལ་ཁབ་ཆེན་པོའི་གནས་བབ་དང་ནུས་པར་བརྩི་འཇོག་ཆེན་པོ་ཐོབ་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་སྟོབས་ཤུགས་འགོག་ཐབས་བྲལ་བ་ཞིག་རེད། འཕེལ་རིམ་དེའི་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གི་བློ་གྲོས་ཟབ་མོ་དང་། འཐབ་ཇུས་ཀྱི་གཟིགས་རྒྱང་རིང་བ། ཁྱད་དུ་འཕགས་པའི་འགོ་ཁྲིད་བཅས་ཀྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་ཐོན་ཡོད། ཀྲུང་གོས་རང་ངོས་འཕེལ་རྒྱས་ལ་གཞོལ་བ་མ་ཟད། ད་དུང་སེར་པི་ཡ་སོགས་རྒྱལ་ཁབ་གཞན་དག་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བར་རོགས་རམ་ཡང་བྱེད་བཞིན་ཡོད། སེར་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ཐུན་མོང་ཐོག་འབད་འཐབ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོ་ནི་ལོ་ངོ་5000ལྷག་ཙམ་གྱི་འོད་སྟོང་འཕྲོ་བའི་ཤེས་དཔལ་ལྡན་པའི་བརྗིད་ཆེའི་རྒྱལ་ཁབ་ཅིག་རེད། ང་ཚོའི་མི་རབས་འདི་དང་མི་རབས་གསར་པའི་ན་གཞོན་ཚང་མས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་པའི་སེམས་ཐག་བཅད་ཡོད། ང་ཚོས་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱེད་བཞིན་ཡོད་ལ། འཛམ་གླིང་མི་དམངས་ཀྱི་བདེ་སྐྱིད་དོན་གཉེར་ཡང་བྱེད་ཀྱི་ཡོད། རང་ངོས་འཕེལ་རྒྱས་ལ་དོན་གཉེར་བྱེད་པ་མ་ཟད། འཛམ་གླིང་ཐོག་གི་རྒྱལ་ཁབ་གཞན་དག་དང་མཉམ་དུ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་ཡང་འབད་བརྩོན་བྱེད་བཞིན་ཡོད། དེ་ནི་ངས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་ཐོག་མའི་བསམ་འདུན་ཡིན། སྟོབས་དང་ལྡན་པའི་ཀྲུང་གོ་ནི་འཛམ་གླིང་གི་འཇིགས་སྐུལ་གཏན་ནས་མིན། ཀྲུང་གོ་ཕྱོགས་ཀྱིས་སེར་པི་ཡ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཝུའུ་ཆི་ཆིས་ཀྲུའུ་ཞི་ཞི་ཅིན་ཕིང་སེར་པི་ཡར་རྒྱལ་དོན་འཚམས་འདྲི་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུས་པ་མ་ཟད། འབྲལ་བར་མི་ཕོད་པའི་བརྩེ་སེམས་ཀྱང་མཚོན་པར་གནང་ཡོད། ཝུའུ་ཆི་ཆིས། སེར་པི་ཡ་ཕྱོགས་ཀྱིས་ད་ཐེངས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཚམས་འདྲིར་སྣེ་ལེན་ཞུ་ཆེད་སྔར་མེད་དམིགས་བསལ་བཀོད་སྒྲིག་བྱས་ཡོད། སེར་པི་ཡའི་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་བཅངས་པའི་མཛའ་བརྩེ་ཟབ་མོ་དང་ལྷག་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བླ་ན་མེད་པའི་གུས་བཀུར་ཞུས་ལུགས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མྱོང་ཚོར་ཐུབ་རྒྱུའི་རེ་བ་ཡོད། ཀྲུང་གོས་སེར་པི་ཡར་རོགས་རམ་གང་ལེགས་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་ཐེངས་ཀྱི་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་དེ་གོ་སྐབས་སུ་བྱས་ནས་སེར་ཀྲུང་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཙུང་ཐུང་ཝུའུ་ཆི་ཆི་དང་སྐུ་ཟླ་རྣམ་གཉིས་ཀྱིས་སྤྲོ་སེམས་འཁོལ་བའི་སྣེ་ལེན་གཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། ད་ཐེངས་ཀྱི་འཚམས་འདྲིའི་དུས་ཚོད་ཐུང་ཙམ་ཡོད་མོད། འོན་ཀྱང་ཧ་ཅང་དགའ་པོ་བྱུང་ལ་སེམས་འགུལ་ཡང་ཆེན་པོ་ཐེབས་བྱུང་བས་བརྗེད་པར་དཀའ་བའི་བག་ཆགས་ཤིག་སླར་ཡང་བཞག་བྱུང་། འཚམས་འདྲི་བྱས་པའི་ནང་དོན་ཕུན་སུམ་ཚོགས་ཤིང་དོན་སྙིང་གལ་ཆེན་ལྡན་པས་གྲུབ་འབྲས་ཟབ་མོ་ཐོབ་བྱུང་། ཀྲུང་སེར་གྱི་མཛའ་གྲོགས་ལ་དམངས་འདོད་ཀྱི་རྨང་གཞི་བརྟན་པོ་ལྡན་ཡོད། ངས་ཙུང་ཐུང་ཝུའུ་ཆི་ཆི་དང་མུ་མཐུད་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས། ཀྲུང་གོ་དང་སེར་པི་ཡའི་འབྲེལ་བའི་ལེའུ་གསར་པ་བརྩམས་ཏེ་ཀྲུང་སེར་གྱི་འབྲེལ་བ་དང་དུས་རབས་གསར་པའི་ཀྲུང་སེར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྣེ་ཁྲིད་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།

དེ་རྗེས་ཙུང་ཐུང་ཝུའུ་ཆི་ཆི་སྟངས་དཔྱལ་གྱིས་ཞི་ཅིན་ཕིང་དང་ཕེང་ལི་ཡོན་དང་ལྷན་དུ་རླངས་འཁོར་ལ་བཞུགས་ཏེ་གནམ་ཐང་དུ་ཕེབས་པ་དང་། སེར་པི་ཡའི་གྲོས་དཔོན་པུར་ན་པི་ཆི་དང་། ཙུང་ལི་ཝུའུ་ཆེ་ཝེ་ཆི། ཕྱི་འབྲེལ་པུའུ་ཀྲང་ཅིའུ་ལི་ཆི་སོགས་དང་ལྷན་དུ་ཞི་ཅིན་ཕིང་ལ་ཕེབས་སྐྱེལ་ཞུས་པ་རེད། གནམ་ཐང་དུ་ཕེབས་པའི་ལམ་བར་དུ་ས་གནས་དེ་གའི་དམངས་ཚོགས་དང་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིས་གཞུང་ལམ་གྱི་གཡས་གཡོན་དུ་ཀྲུང་གོ་དང་སེར་པི་ཡ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་སེར་པི་ཡའི་འཚམས་འདྲི་ཐུགས་གྲ་ལེགས་འགྲིག་བྱུང་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཡང་ཞུས་པ་རེད།

ཞི་ཅིན་ཕིང་གི་ཆེད་གཏོང་གནམ་གྲུ་འཕུར་རྗེས་སེར་པི་ཡ་ཕྱོགས་ཀྱི་མཁའ་དམག་གི་དམག་འཐབ་གནམ་གྲུ་2ཀྱིས་སྲུང་སྐྱེལ་བྱས་པ་རེད།

དེ་ཉིན་དགོང་མོར་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་སེར་པི་ཡ་ནས་ཞལ་གྱེས་ནས་པུ་ཏ་ཕེ་སིར་ཕེབས་པ་དང་། ཧང་ག་རིའི་ཙུང་ཐུང་ཧྲུའུ་ཡིའུ་ཁེ་དང་ཙུང་ལི་ཨོར་པན་གྱི་གདན་ཞུས་ལྟར་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད།

(བདེ་སྐྱིད་དབང་མོས་བསྒྱུར། བདེ་སྐྱིད་དབང་མོ་དང་དབང་སྒྲོན་སྐྱིད་ཀྱིས་ཞུས)