འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་པེར་ཀེ་ལའེ་ཏེ་ནས་ཟླ་5ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན། 《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གནའ་དཔེ》(རྒྱལ་སྤྱིའི་དཔར་མ)གཏོང་སྤེལ་མཛད་སྒོ་སེར་པི་ཡའི་རྒྱལ་ས་པེར་ཀེ་ལའེ་ཏེར་འཚོགས་ཤིང་། ལེ་ཚན་དེ་ཟླ་5ཚེས་8ཉིན་སེར་པི་ཡའི་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་འཕྲིན་ལམ་དང་པོའི་ཐོག་བསྟན་པ་དང་། འབྲེལ་ཡོད་ནང་དོན་དང་དེ་བཞིན་དྲིལ་བསྒྲགས་པར་གཞི་སོགས་ད་དུང་ཡོ་རོབ་དང་གོ་ལ་ཧྲིལ་པོའི་གཙོ་རྒྱུན་སྨྱན་སྦྱོར་བརྒྱ་ཙམ་གྱིས་གཅིག་རྗེས་གཉིས་མཐུད་ངང་གཏོང་སྤེལ་བྱས་པ་རེད།
ཀྲུང་གོ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་བཟོས་པའི《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གནའ་དཔེ》(རྒྱལ་སྤྱིའི་དཔར་མ)ཡི་ནང་ཐུན་མོང་འབྱོར་ཕྱུག་དང་སྐྱེ་ཁམས་ཤེས་དཔལ་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། རྩོམ་ཡིག བཀའ་མོལ་བཅས་ནང་དྲངས་པའི་ཀྲུང་གོའི་གནའ་དཔེ་དང་སྙན་ཚིག་བདམས་ཤིང་། ཕྱི་རྒྱལ་གྱི་སྐུ་མགྲོན་དང་གླེང་མོལ་བྱས་པ་སོགས་ཀྱི་རྣམ་པ་བརྒྱུད། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁྱེན་རྒྱ་ཟབ་པའི་རིག་གནས་ཀྱི་ནང་དོན་དང་མི་དམངས་གོང་དུ་བཀུར་བའི་བརྩེ་བ་ཟབ་མོ་མངོན་པ་མ་ཟད། ཀྲུང་ཧྭའི་ཤེས་དཔལ་གྱི་ཐུན་མོང་མ་ཡིན་པའི་བསམ་པའི་མཚོན་རྟགས་དང་། དུས་རབས་གསར་པའི་ནང་དོན། གོ་ལ་ཧྲིལ་པོ་ཅན་གྱི་རིན་ཐང་བཅས་ཀྱི་ཉིང་བཅུད་བསྡུ་ལེན་དང་རྒྱས་བཤད་གཏིང་ཟབ་ཀྱང་བྱས་ཡོད་པ་རེད།