འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་པུ་ཏ་ཕེ་སི་ནས་ཟླ་5ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་8ཉིན། པུ་ཏ་ཕེ་སིར་ཕེབས་ནས་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་སྐབས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ག་རིའི《ཧང་ག་རིའི་མི་རིགས་ཚགས་པར》ཐོག《ལག་གདང་སྦྲེལ་ནས་ཀྲུང་ཧང་གི་འབྲེལ་བ་དུས་སྐབས་ཡག་ཤོས་སུ་སླེབས་པར་ཁྲིད་སྟོན་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་མཚན་བཀོད་རྩོམ་ཡིག་སྤེལ་བ་རེད། རྩོམ་ཡིག་གི་ནང་དོན་ཆ་ཚང་གཤམ་གསལ།
ལག་གདང་སྦྲེལ་ནས་ཀྲུང་ཧང་གི་འབྲེལ་བ་དུས་སྐབས་ཡག་ཤོས་སུ་སླེབས་པར་ཁྲིད་སྟོན་བྱེད་དགོས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཞི་ཅིན་ཕིང་།
ཟླ་5པའི་ཧང་ག་རིའི་ཐང་གཤོང་གི་ཞིང་ནང་ནས་དྲི་ཞིམ་འཐུལ། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཙུང་ཐུང་ཧྲུའུ་ཡིའུ་ཁེ་དང་ཙུང་ལི་ཨོར་པན་རྣམ་གཉིས་ཀྱི་གདན་ཞུས་ལྟར་ངས་ཧང་ག་རིར་རྒྱལ་དོན་འཚམས་འདྲི་བྱ་རྒྱུ་ཡིན། དེ་ནི་ལོ་15སོང་རྗེས་ང་སླར་ཡང་མཛེས་སྡུག་ལྡན་ལ་འབྱོར་ཕྱུག་ལྡན་པའི་ས་གཞི་འདིར་བསྐྱོད་རྒྱུ་ཡིན། ལོ་15ཡི་རིང་ངས་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཧང་ག་རིའི་འགོ་ཁྲིད་པ་དང་ཐེངས་མང་མཇལ་འཛོམས་བྱས་པས་ཁོང་ཚོ་དང་མཛའ་གྲོགས་ཟབ་མོ་ཆགས་ཡོད། ངས་ས་གནས་དེར་སླར་ཡང་བསྐྱོད་དེ་ཧང་ག་རིའི་གྲོགས་པོ་ཚོ་དང་མཛའ་གྲོགས་གླེང་བ་དང་མཉམ་ལས་གྲོས་མོལ་བྱས་ནས་དུས་རབས་གསར་པའི་ཀྲུང་ཧང་འབྲེལ་བའི་འཕེལ་རྒྱས་ཐད་འཆར་གཞི་གསར་པ་འགོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
འདི་ལོ་ནི་ཀྲུང་ཧང་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་ཞིག་རེད། ཕྱི་འབྲེལ་བཙུགས་ཚུན། རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་ནས་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ཐོབ་ཡོད། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་མཐའ་འཁྱོངས་བྱས་ཏེ་ཕན་ཚུན་དབར་སྔོན་ཚུད་ཀྱི་མཉམ་ལས་རོགས་ཟླར་བརྩི་བ། འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཁྲོད་ཆར་རླུང་དང་བཙན་དབང་ལ་མི་སྐྲག་པར་བདག་དབང་རྒྱལ་ཁབ་ཀྱི་རང་བཙན་རང་བདག་གི་ཕྱི་ཕྱོགས་མཛའ་གྲོགས་འགྲོ་འོང་གི་ཡང་དག་པའི་ལམ་བུའི་ཐོག་བསྐྱོད་ཡོད།
ལོ་75ཡི་རིང་། ཀྲུང་ཧང་གཉིས་པོས་གཅིག་སེམས་གཅིག་གཏད་ཀྱི་གྲོགས་པོ་བཟང་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། ཕྱོགས་གཉིས་པོས་ཕྱི་འབྲེལ་འཛུགས་པའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་རང་རང་སོ་སོས་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་ཕན་ཚུན་བརྩི་འཇོག་དང་རྒྱབ་སྐྱོར་བྱེད་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་ཐོག་མཐའ་བར་གསུམ་དུ་བསམ་ཤེས་དང་རྒྱབ་སྐྱོར་བྱེད་པ། རང་རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་དར་རྒྱས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་ཡར་རྒྱས་ཡོང་བ་ཐོག་མཐའ་བར་གསུམ་དུ་མཐོང་འདོད་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱས་པས་ཕྱོགས་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད།
ལོ་75ཡི་རིང་། ཀྲུང་ཧང་གཉིས་པོས་མཉམ་ལས་གཉིས་ཕན་གྱི་རོགས་ཟླ་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། ཕྱོགས་གཉིས་པོས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུར་དམིགས་ཏེ་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་བྱེད་པར་ཤུགས་སྣོན་བརྒྱབ་ནས་མ་འཇོག་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། དངུལ་རྩ། ནུས་རྒྱུ་གསར་པ། འཕྲིན་གཏོང་ལག་རྩལ་སོགས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་འཛམ་གླིང་དཔལ་འབྱོར་སླར་གསོ་ཡོང་བར་ཐུན་མོང་ཐོག་སྒུལ་ཤུགས་བསྣན་ཡོད། ད་ཆ། ཧང་ག་རི་ནི་ཀྲུང་གོས་ཡོ་རོབ་དབུས་ཤར་ས་ཁུལ་དུ་མ་འཇོག་བྱེད་པའི་དམིག་ས་དང་པོ་དང་ཚོང་དོན་རོགས་ཟླ་གལ་ཆེན་ཞིག་རེད། རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན་ཡོད།
ལོ་75ཡི་རིང་། ཀྲུང་ཧང་གཉིས་པོས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་གྲོགས་པོ་བཟང་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། པེ་ཅིང་གི་ཧང་ག་རིའི་རིག་གནས་ལྟེ་གནས་ལོ་མང་རིང་འཁོར་སྐྱོད་ཡག་པོ་བྱུང་བ་དང་པུ་ཏ་ཕེ་སིའི་ཀྲུང་གོའི་རིག་གནས་ལྟེ་གནས་དངོས་སུ་གཉེར་སྐྱོང་བྱེད་ཉེར་ཡོད་པ་རེད། ཀྲུང་གོའི་མཐོ་སློབ་མང་པོ་ཞིག་ཏུ་ཧང་ག་རིའི་སྐད་ཀྱི་ཆེད་ལས་བཙུགས་པ་དང་ཁུང་ཙི་སློབ་གླིང་དང་ཁུང་ཙི་སློབ་ཁང་ལ་ཧང་ག་རིར་དགའ་བསུ་ཆེན་པོ་ཐོབ་ཡོད། པུ་ཏ་ཕེ་སིའི་ཧང་ཀྲུང་སྐད་གཉིས་སློབ་གྲྭས་ཀྲུང་ཧང་གི་མཛའ་གྲོགས་རྒྱུན་འཛིན་བྱེད་མཁན་ཁག་དང་ཁག་བྱས་པ་གསོ་སྐྱོང་བྱས་ཡོད། ས་གནས་དབར་གྱི་འགྲོ་འོང་བྱེད་མང་བ་དང་གཟའ་འཁོར་རྟག་པར་རྒྱལ་ཁབ་གཉིས་སུ་འགྲོ་འོང་བྱེད་པའི་འགྲུལ་སྐྱེལ་ཐད་གཏོང་དུས་གཏན་གནམ་གྲུ་འཕུར་ཐེངས་གྲངས་གནས་གཉིས་ཟིན་ནས་མི་སྣ་འགྲོ་འོང་སྟབས་བདེ་ཅན་གྱི་བྱ་ཐབས་རྒྱུན་ཆད་མེད་པར་ལག་ལེན་བསྟར་བར་ཕན་འབྲས་ཐོན་ཡོད། རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་བྱེད་མང་དུ་འགྲོ་བ་དང་མི་དམངས་ཀྱི་མཛའ་གྲོགས་རྨང་གཞི་ཇེ་བརྟན་དུ་འགྲོ་བཞིན་ཡོད།
མིག་སྔར་ཀྲུང་གོ་དང་ཧང་ག་རི་གཉིས་ཀ་རང་རང་སོ་སོའི་འཕེལ་རྒྱས་ཀྱི་དུས་སྐབས་གལ་ཆེན་དུ་གནས་ཤིང་། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཧང་ག་རིས་ཀྱང་ཧུར་བརྩོན་རྒྱལ་སྐྱོང་གིས་འཕེལ་རྒྱས་དེ་བས་ཆེ་བ་ཡོང་ཐབས་བྱེད་བཞིན་ཡོད། ངས་ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་ཧང་ག་རིའི་འགོ་ཁྲིད་པ་དང་མཉམ་དུ་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་དང་གཉིས་ཕན་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ་ཀྲུང་ཧང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།
—— ང་ཚོས་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཕྱོགས་གཉིས་པོའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ནི་ཀྲུང་ཧང་འབྲེལ་བ་མགྱོགས་ལ་བརྟན་པོ་ཡོང་བའི་རྨང་རྡོ་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བ་གོ་སྐབས་སུ་བྱས་ཏེ། ཧང་ག་རི་ཕྱོགས་དང་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ནས་ཕྱོགས་གཉིས་པོའི་འབྲེལ་བར་རྩེ་རིམ་ཇུས་འགོད་བྱེད་པ་དང་། མཐོ་རིམ་འགྲོ་འོང་གི་དགེ་མཚན་ལྡན་པའི་འཕེལ་ཕྱོགས་བརྟན་དུ་གཏོང་བ། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་། ཁྲིམས་འཛུགས་སྒྲིག་གཞི། སྲིད་ཏང་བཅས་དང་རྒྱུན་གཏན་རང་བཞིན་གྱི་སྤེལ་རེས་དང་སྲིད་ཇུས་ཀྱི་འབྲེལ་གཏུག་རྒྱུན་འཁྱོངས་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས་ཀྲུང་ཧང་འབྲེལ་བའི་ཆུ་ཚད་མཐོ་བའི་འཕེལ་རྒྱས་ལ་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་འདོད་ཡོད།
—— ང་ཚོས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ཆེ་རུ་བཏང་ནས་དངོས་སྒྲུབ་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་གསར་པ་གཏོད་དགོས། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ་ཧང་ག་རིའི“ཤར་ཕྱོགས་སུ་སྒོ་མོ་དབྱེ་བའི”འཐབ་ཇུས་དང་འབྲེལ་མཐུད་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་ནས། ཧང་སེར་ལྕགས་ལམ་སོགས་མཉམ་ལས་རྣམ་གྲངས་གལ་ཆེན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། ནུས་རྒྱུ་གཙང་མ་དང་། མི་ཐབས་རིག་ནུས། གྲངས་འཛིན་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས་སོགས་གསར་དར་ཁྱབ་ཁོངས་སུ་ཧང་ག་རི་ཕྱོགས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་གིས་རང་རང་སོ་སོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་འདོད་ཡོད།
—— ང་ཚོས་རྒྱལ་སྤྱིའི་ལས་དོན་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་དགོས། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་རིང་གི་འཕོ་འགྱུར་མགྱོགས་མྱུར་འགྲོ་བཞིན་ཡོད་པ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་སྣ་ཚོགས་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་ཁ་གཏད་གཅོག་དགོས། ཀྲུང་གོ་དང་ཧང་ག་རིས་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་འཛིན་པའི་ལྟ་སྟངས་འདྲ་པོ་ཡོད་ལ་ལངས་ཕྱོགས་ཀྱང་འདྲ་པོ་ཡོད། ང་ཚོས་མཐུན་སྒྲིལ་མཉམ་ལས་མཐའ་འཁྱོངས་ཀྱིས་ཞི་བདེ་དང་། འཕེལ་རྒྱས། དྲང་གཞག དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་ཧུར་ཐག་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དྲང་ནུས་དེ་བས་ཆེ་བ་སྣོན་དགོས།
(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)