08

༄༅། །སྨོན་ཚིག་སེམས་ཀྱི་མེ་ཏོག གཡེ་རུས་རྐང་། 2024年07月23日

ལག་འུར་རྡོ་བཟུང་བའི་སྨན་ཆུང་མ། །

ལུག་གཡང་དཀར་སྟོང་གི་རྫི་བོ་རེད། །

གཡང་འཕེལ་ཁ་བརྩི་བའི་བུ་མོ་ཁྱོད། །

ཆར་བསིལ་མའི་ནང་གི་མེ་ཏོག་འདྲ། །

ལས་དམ་ཚིག་གཙང་བའི་བུ་མོ་ལ། །

གཡུ་བྱུ་རུའི་མདོག་ཅན་མེད་ཀྱང་མཛེས། །

ཆུ་གཙང་མ་བུ་མོའི་ཁྲེལ་གཞུང་རེད། །

ཆུ་ཉོག་པ་མེད་པའི་སྨོན་ལམ་འདེབས། །

རྟ་འདོ་བ་བཞོན་པའི་སྟག་ཤར་ང་། །

སྤང་སྔོན་མོའི་ཐང་གི་རྩེད་རོགས་ཡིན། །

ལུས་བང་རྩལ་འཛོམས་པའི་བུ་ཆུང་ངས། །

ལས་ཅི་བྱས་འགྲུབ་པའི་སྨོན་ལམ་འདེབས། །

མ་བུ་མོ་མེ་ཏོག་བཞད་འདྲ་རེད། །

ལོ་གཞོན་དུས་ལང་ཚོ་མེ་ཏོག་འདྲ། །

སེམས་བརྩེ་བའི་མེ་ཏོག་བསླས་མ་རེད། །

འདང་བརྩེ་བའི་དབུ་རྒྱན་མེ་ཏོག་རེད། །

ཆུ་གཙང་མ་རང་བྱུང་རང་འཕྱུར་ཡིན། །

སེམས་རྣམ་དག་ལྷག་བསམ་གངས་རི་ཡིན། །

ཡུལ་སྐྱིད་པོ་སཱ་ལའི་སྨན་ལྗོངས་ཡིན། །

ཡུལ་འདི་ནི་ང་ཡི་ཕ་ཡུལ་ཡིན། །

གནས་སྣོད་བཅུད་བཀྲ་ཤིས་བདེ་ལེགས་ཤོག །

ནང་སེམས་ཅན་ཚེ་རིང་ནད་མེད་ཤོག །

ཁྱིམ་འཁོར་བ་བདེ་ཞིང་སྐྱིད་པར་སྨོན། །

ནང་བཟའ་ཚང་འཆམ་མཐུན་ཡོང་བར་སྨོན། །