08

༄༅་། དམངས་གཞས་རྣ་བའི་བུ་རམ་། 2024年07月23日

ལོ་ལེགས་བྱུང་བའི་རྟགས་རེད།

དྭགས་པོ་ཡུལ་ལྗོངས་སྐྱིད་པ། །

དྭགས་པོ་ཤིང་སྣ་འཛོམས་པ། །

ཤིང་སྣ་འཛོམས་དང་མི་འཛོམས། །

བྱིའུ་ཆུང་ཁོང་ལ་དྲིས་དང་། །

ཤིང་སྣ་འཛོམས་པའི་སྟབས་ཀྱིས། །

བྱིའུ་ཆུང་གནས་བཟོད་བདེ་བ། །

བྱང་ཐང་ཡུལ་ཕྱོགས་སྐྱིད་པ། །

བྱང་ཐང་རྩྭ་སྣ་འཛོམས་པ། །

རྩྭ་སྣ་འཛོམས་དང་མི་འཛོམས། །

ལུ་གུ་ཁོང་ལ་དྲིས་དང་། །

ལུ་གུའི་བལ་རྩ་མཐུག་པ། །

རྩྭ་སྣ་འཛོམས་པའི་རྟགས་རེད། །

གངས་ལྗོངས་ཡུལ་མཆོག་སྐྱིད་པ། །

གྲོ་ནས་སྲན་གསུམ་འཛོམས་པ། །

འབྲུ་སྣ་འཛོམས་དང་མི་འཛོམས། །

བང་མཛོད་ནང་ལ་གཟིགས་དང་། །

བང་མཛོད་འབྲུ་སྣས་ཁེངས་པ། །

ལོ་ལེགས་བྱུང་བའི་རྟགས་རེད། །

གཡང་དཀར་མ་མོ།

ང་ཡི་གཡང་དཀར་སྤང་ལ་གློད་ཙ་ན། །

གནམ་གྱི་སྐར་མ་ས་ལ་བབས་པ་འདྲ། །

ང་ཡི་གཡང་དཀར་ཆུ་ལ་གློད་ཙ་ན། །

མུ་ཏིག་དཀར་པོ་དར་ལ་བརྒྱུས་པ་འདྲ། །

ང་ཡི་གཡང་དཀར་ལྷས་རར་བཅུག་ཙ་ན། །

ལྷས་རའི་ནང་དུ་ཕྱིང་པ་བཏིང་འདྲ་བ། །

སང་ཉིན་ཚེས་པ་བཅོ་ལྔའི་དུས་བཟང་ཡིན། །

གནངས་ཉིན་གཡང་དཀར་ལུག་བལ་འབྲེག་རྒྱུ་ཡིན། །

བལ་གྲི་ཡོད་ལ་རྣོན་པོ་རེག་ཚོད་ཡོད། །

ལྡེམ་སྐུད་ཡོད་ལ་སྟོང་སྐུད་གསུམ་སྒྲིལ་ཡོད། །

དེ་ནས་ཨ་ཕོ་ལུག་རྫིའི་བསམ་དོན་འགྲུབ། །