08

གྲོ་མོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས། སློབ་གྲྭའི་བརྙས་བཅོས་བཀག་འགོག་གི་ཆེད་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ། 2024年06月04日

འདི་ག་ཚགས་པར་ཁང་དུ་གྲོ་མོ་ནས་གློག་འཕྲིན་འབྱོར་གསལ། སློབ་གྲྭའི་བརྙས་བཅོས་བཀག་འགོག་བྱས་ནས་སློབ་མར་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་ཞིག་བཏོད་དེ་ཁོང་ཚོའི་ལང་ཚོ་ཆུད་ཟོས་སུ་མི་འགྲོ་བ་བྱ་ཆེད། ཉེ་ཆར། གྲོ་མོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་གྲོ་མོ་ཚོད་ལྟའི་སློབ་ཆུང་དུ“ཁྱེད་དང་མཉམ་དུ་སློབ་མར་ལྟ་སྐྱོང་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་སློབ་གྲྭའི་བརྙས་བཅོས་བཀག་འགོག་གི་ཆེད་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཏེ། སློབ་མ་ཚོར་བློ་ཁོག་ཆེན་པོས་སློབ་གྲྭའི་བརྙས་བཅོས་ལ་འགོག་རྒོལ་བྱེད་མཁན་ཞིག་བྱེད་པ་ལས“གནོད་ འཚེ་ཕོག་ཚེ་ཁ་མི་གྲག་མཁན་དང་། སྣང་འཇོག་མེད་པར་བལྟས་ནས་སྡོད་མཁན་བྱེད་མི་རུང་ལ། ཡ་ང་སྙིང་རྗེ་མེད་པའི་གཏུམ་སྤྱོད་སྤེལ་མཁན་དེ་བས་ཀྱང་བྱེད་མི་རུང་བའི”ཁ་ཏ་བསླབ་བྱ་བྱས་ཡོད།

སྒྲོག་འགྲེལ་དེ“གྱོད་དཔེར་བརྟེན་ནས་ཁྲིམས་ལུགས་ཤོད་པའི”རྣམ་པ་བརྒྱུད། རིམ་བཞིན་སློབ་གྲྭའི་བརྙས་བཅོས་ཀྱི་གོ་དོན་དང་། མངོན་ཚུལ། སློབ་གྲྭའི་བརྙས་བཅོས་ཕོག་སྐབས་ཇི་ལྟར་བྱེད་དགོས་ཚུལ། བརྙས་བཅོས་བྱེད་མཁན་གྱིས་འཁུར་དགོས་པའི་མཇུག་འབྲས་སོགས་ཀྱི་ནང་དོན་ལ་འགྲེལ་བཤད་བརྒྱབ་ཡོད། སྒྲོག་འགྲེལ་པས་སློབ་མར་བཅའ་ཁྲིམས་ཀྱི་མཚོན་ཆ་ཡག་པོ་སྤྱད་དེ་རང་ཉིད་ལ་སྲུང་སྐྱོང་བྱེད་དགོས་པའི་དྲན་སྐུལ་བྱས་པ་དང་སྦྲགས། ཁོང་ཚོར་ལོ་ཚད་ནི་རང་སྐྱོན་འགེབས་བྱེད་མིན་ལུགས་ཤེས་སུ་བཅུག་སྟེ། སློབ་གྲྭ་དང་། སྤྱི་ཚོགས། བཅའ་ཁྲིམས་བཅས་ཀྱིས་སློབ་གྲྭར་བརྙས་བཅོས་བྱེད་མཁན་ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་བརྒྱུད་བསྒྲགས་བྱས་པ་དང་སྦྲགས། ཁྱིམ་བདག་ལ་ཕྲུ་གུའི་རྒྱུན་གཏན་གྱི་བྱེད་སྟངས་དང་སེམས་ཁམས་ཀྱི་འགྱུར་ལྡོག་ལ་དོ་སྣང་བྱས་ནས། ཕྲུ་གུ་དང་འབྲེལ་འདྲིས་བྱེད་ཐབས་ཡག་པོ་ཞིག་བཙུགས་ཏེ་ཕྲུ་གུས་ཁྱིམ་ཚང་གི་དྲོ་སྐྱིད་དང་རྒྱབ་སྐྱོར་ཚོར་ཐུབ་པ་དང་། ཕྲུ་གུར་མི་གཞན་ལ་བརྩི་བཀུར་དང་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་དགོས་པའི་སློབ་གསོ་བཏང་སྟེ། ཕྲུ་གུ་དང་མཉམ་དུ་བདེ་འཇགས་དང་ཞི་མཐུན་ལྡན་པའི་སློབ་གྲྭའི་ཁོར་ཡུག་ཅིག་གཏོད་དགོས་པའི་འབོད་སྐུལ་བྱས་ཡོད།

གོམ་སྟབས་རྗེས་མར། གྲོ་མོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་ཀྱི་འགན་ནུས་མུ་མཐུད་འཁུར་ཐོག་བཅའ་ཁྲིམས་ཀྱི་སློབ་སྤྱི་གཞོན་པའི་ལས་ཀའི་ལམ་སྲོལ་ལ་བརྟེན་ནས། “ཁྲིམས་འཛིན་དང་སློབ་གྲྭ་ཟུང་འབྲེལ་གྱིས་སྲུང་སྐྱོང་བྱེད་པའི”མཉམ་ཤུགས་ཤིག་ཟམ་མི་ཆད་པར་ཆགས་པར་བྱས་ཏེ། རྒྱུན་སྲིང་ལྷོད་མེད་དང་དོ་དོ་ནན་ནན་གྱིས་དུས་རབས་གསར་པའི་ནར་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཞིབ་དཔྱོད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་རེད།

(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་དང་ཚེ་ལྷས་ཞུས)