09

བཅད་ཁྲར་ནུས་པ་མ་ཐོན་གོང་ནས་སྒོར་ཁྲི་42ལྷག་ཙམ་བསྒྱུར་ཟིན་པའི་འཛིན་ཤོག་འབྱོར་བ། 2024年06月04日

འདི་ག་ཚགས་པར་ཁང་དུ་དིང་རི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། དིང་རི་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་འཛུགས་སྐྲུན་ཨར་ལས་གན་རྒྱའི་རྩོད་གཞིའི་སྐོར་གྱི་དམངས་དོན་བཅད་ཁྲ་ཞིག་དོ་བདག་ལ་བསྐྱལ་བ་རེད། བཅད་ཁྲར་ནུས་པ་མ་ཐོན་གོང་ནས་ཞུ་སྦྱོར་ཕྱི་མ་འཛུགས་སྐྲུན་ཀུང་སིའི་སྐད་འཕྲིན་ཞིག་འབྱོར་ཞིང་། ཁ་ཕྱེ་ནས་ལྟ་སྐབས་དེ་ནི་རང་འགུལ་ངང་ངལ་ལས་ཀུང་སིར་སྤྲད་པའི་གྱོད་འབྲེལ་ལས་གྲྭའི་དངུལ་སྒོར་ཁྲི་42ལྷག་ཙམ་གྱི་དངུལ་བསྒྱུར་འཛིན་ཤོག་ཡིན་པ་རེད།

ཞུ་སྦྱོར་ཕྱི་མ་གནམ་ཐང་ཀུང་སི་ག་གེ་མོ་ནི་གཞིས་རྩེ་དིང་རི་གནམ་ཐང་གི་རྣམ་གྲངས་འགན་གཙང་ལེན་མཁན་ཡིན་ཞིང་། གནམ་ཐང་འཛུགས་སྐྲུན་ལས་གྲྭ་འགོ་ཚུགས་རྗེས། ཞུ་སྦྱོར་ཕྱི་མ་གནམ་ཐང་ཀུང་སི་དེས་རྣམ་གྲངས་ཁག་གཅིག་ཞུ་སྦྱོར་ཕྱི་མ་འཛུགས་སྐྲུན་ཀུང་སི་ཞིག་ལ་ཁག་བགོས་འགན་གཙང་སྤྲད། ཡང་འཛུགས་སྐྲུན་ཀུང་སི་དེས་ཆུ་འབུད་ཡུར་བུ་སོགས་ཞོར་གཏོགས་ལས་གྲྭ་ཞུ་སྦྱོར་སྔ་མ་ངལ་ལས་ཀུང་སི་ཞིག་ལ་ཁག་བགོས་འགན་གཙང་སྤྲད་པ་དང་འབྲེལ། ལས་གྲྭར་དེར་འགྲོ་སོང་སྒོར་ཁྲི་365ལྷག་ཙམ་བཏང་ཡོད་པ་རེད། རྣམ་གྲངས་ཞིབ་བཤེར་རྩིས་ལེན་བྱས་པ་དང་འབྲེལ་བེད་སྤྱོད་བཏང་རྗེས། ཞུ་སྦྱོར་ཕྱི་མ་འཛུགས་སྐྲུན་ཀུང་སི་དེས་ལས་གྲྭའི་དངུལ་ལྷག་མ་སྒོར་ཁྲི་42ལྷག་ཙམ་ཡུན་རིང་འགྱངས་ཆད་བྱས་པས། ཞུ་སྦྱོར་སྔ་མ་ངལ་ལས་ཀུང་སི་དེས་ཞུ་གཏུག་མ་རྒྱག་ཐབས་མེད་བྱུང་བ་རེད།

གྱོད་དོན་དེར་འདུམ་འགྲིག་ཐེངས་མང་བྱས་ཀྱང་ཕན་འབྲས་དེ་ཙམ་མ་ཐོན་པས། ཁྲིམས་ཁང་གིས་ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱས་པ་དང་འབྲེལ་བཅད་ཁྲ་ཡང་ཁྱབ་བསྒྲགས་བྱས། བཅད་ཁྲ་སྐྱེལ་སྐབས་ཁྲིམས་དཔོན་གྱིས་ཞུ་སྦྱོར་ཕྱི་མ་འཛུགས་སྐྲུན་ཀུང་སི་དེར་ཞུ་གཏུག་བྱེད་དབང་ཡོད་ལུགས་གསལ་བཤད་བྱས་པ་དང་ཆབས་ཅིག ཞུ་སྦྱོར་སྔ་མ་དང་ཕྱི་མའི་དབར་ཡུན་རིང་མཉམ་ལས་བྱས་པ་སོགས་ཀྱི་རྒྱུ་རྐྱེན་དང་ཟུང་འབྲེལ་བྱས་ཏེ་ཁྲིམས་ལུགས་དང་གནས་ལུགས་ཀྱི་ཐོག་ནས་གསལ་འགྲེལ་མང་པོ་བྱས་པ་མ་ཟད། བཙན་ཤེད་ཀྱིས་ལག་བསྟར་བྱེད་པའི་གོ་རིམ་ལ་བརྟེན་ན་ཁེ་ལས་ཀྱི་མ་འོངས་པའི་འཕེལ་རྒྱས་ལ་ཤུགས་རྐྱེན་ངན་པ་འབྱུང་སྲིད་པ་དཔེ་བཞག་ནས་བཅད་ཁྲ་སྐྱེལ་ཡུལ་ལ་ཁྲིམས་སྐྱོང་སློབ་ཚན་ཞིག་འཚོགས་པ་རེད།