འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མི་དམངས་ཁྲིམས་ཁང་གིས་རྫོང་ཡོངས་ཀྱི་གཞུང་ལས་ལ་འགལ་རྐྱེན་བཟོས་པའི་བྱས་ཉེས་ལ་ཐོག་མར་ཡོངས་བསྒྲགས་ངང་འདྲི་ཞིབ་བྱས་པ་དང་། མང་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ཏེ་ཁྲིམས་སའི་འདྲི་ཞིབ་ཟུར་ཉན་བྱས་པ། “དབྱིངས་ཞུགས་རྣམ་པའི་ཁྲིམས་སའི་འདྲི་ཞིབ་སློབ་ཁང”བརྒྱུད་གྱོད་དཔེ་དྲངས་ནས་ཁྲིམས་བཤད་པ་དང་གྱོད་དཔེ་དྲངས་ནས་ཡོ་འཁྱོག་བསྲངས་པ། མང་ཚོགས་ཀྱི“འགན་འཁྲི་སྒྲུབ་པར་འགོག་རྐྱེན་བཟོས་པ་དེ་ཁྲིམས་འགལ་མིན་པའི”ནོར་འཁྲུལ་གྱི་ངེས་ཤེས་བསལ་བས་གྱོད་གཞི་གཅིག་ལ་འདྲི་ཞིབ་བྱས་ཏེ། ཡུག་གཅིག་ལ་སློབ་གསོ་གཏོང་བའི་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོབ་ཡོད།
ད་ལོ་ཚུན་མལ་གྲོ་གུང་དཀར་རྫོང་མི་དམངས་ཁྲིམས་ཁང་གིས“གཞུང་དྲང་དང་ལས་ཕྱོད”ལས་དོན་གྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ་དང་དམངས་འཚོ་འཕེལ་རྒྱས་དང་། གཞི་རིམ་བཅོས་སྐྱོང་། དུས་བདེ་འཛུགས་སྐྱོང་བཅས་ཀྱི་གཙོ་གནད་ལས་འགན་ལ་དམིགས་ཏེ། འདྲི་གཅོད་ལག་བསྟར་དང་། ཁུངས་འདེད་བཅོས་སྒྲིག ཁྲིམས་ལུགས་ཁྱབ་གདལ་དང་དམངས་ཕན། ཁྲིམས་འཛིན་ཞབས་ཞུ་བཅས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། ལོ་སྟོད་དུ་གྱོད་གཞི་སྣ་ཚོགས་798བདག་སྤྲོད་བྱས་པ་དང་། གྱོད་གཞི་631གྱོད་ཐག་བཅད་པ། ལག་བསྟར་དམིགས་འབྱོར་དངུལ་གྲངས་སྒོར་ཁྲི་2369.9ཟིན་པ། འགལ་ཟླ་དང་རྩོད་གཞི་སྣ་ཚོགས་ནུས་ཆེའི་ངང་བསལ་ནས་ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་ཆེ་རུ་ཕྱིན་པ་དང་འབྲེལ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཡང་ཐག་གཅོད་ནུས་ལྡན་བྱས་ཡོད།
(བསྟན་བཟང་གིས་བསྒྱུར། སྤེན་ཚེ་དང་བསྟན་བཟང་གིས་ཞུས)