《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年09月15日

འཛེར་སྒྲས་དམངས་ལ་སུན་པོ་བཟོ་བའི་ཐད“ཚད་གཞི་ལོན་པར་འགན་འཁྲི་མེད་པ་མིན་པའི”སྐོར་གླེང་བ།

ཁྲིམས་སྐྱོང་གི་དབྱེ་མཚམས་གཏན་འཁེལ་ནི་གྲིས་གཏུབ་པ་ལྟར་གཅིག་ཆོད་བྱེད་མི་རུང་བར་མི་སོ་སོའི་ལུགས་མཐུན་དགོས་མཁོ་ལྟར་བྱེད་དགོས།

འཛེར་སྒྲའི་ཧྥུན་པེ་གྲངས་ཚད་ལོན་ན། འགན་འཁྲི་མེད་པ་སྨོས་མེད་ཡིན་ནམ། ཉེ་ཆར་ས་གནས་མང་པོའི་ཁྲིམས་ཁང་གིས་ཡུན་རིང་མ་སོང་གོང་ལག་བསྟར་བྱས་པའི་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་སྤྱད་དེ་འཛེར་སྒྲའི་རྩོད་གཞི་ཐག་གཅོད་བྱས་པར་ཐུན་མོང་གི་ཤེས་རྟོགས་གལ་ཆེན་ཞིག་བྱུང་བ་སྟེ། འཛེར་སྒྲའི་ཐད་ཀྱི་ཁེ་དབང་བཙན་གནོད་ཀྱི་ངོས་འཛིན་དེ“ཧྥུན་པེ་འབའ་ཞིག”མིན་པ་དེ་རེད།

ཚད་གཞི་ལས་བརྒལ་མེད་ན་ཁེ་དབང་བཙན་གནོད་མིན་པ་དང་གཅིག་མཚུངས་མིན། སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་ལྟར་ན། འཛེར་སྒྲའི་སྦགས་བཙོག་ནི“འཛེར་སྒྲ་འབུད་པའི་ཚད་གཞི་ལས་བརྒལ་བའམ་ཡང་ན་ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་མ་སྤྱད་པར་འཛེར་སྒྲ་བྱུང་བ་མ་ཟད། མི་གཞན་གྱི་རྒྱུན་ལྡན་གྱི་འཚོ་བ་དང་། ལས་ཀ སློབ་སྦྱོང་བཅས་ལ་སུན་པོ་བཟོ་བའི་སྣང་ཚུལ”ལ་ཟེར། “ཡང་ན”ཞེས་པ་དེ་ཁྲིམས་གཞུང་ནང་གི་དཔང་རྟགས་འདོན་པའི་འགན་འཁྲི་སོགས་ཀྱི་གཏན་འབེབས་དང་ཟུང་འབྲེལ་བྱས་ནས་ཁྲིམས་འཛིན་ཐད་ཀྱི་ངོས་འཛིན་གྱིས“ཧྥུན་པེ་འབའ་ཞིག”ལས་བརྒལ་ཏེ་ངོ་བོའི་གནོད་འཚེ་གཏོང་བའི་ཕྱོགས་སུ་བསྒྱུར་ནས་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མཁོ་འདོན་བྱེད་པ་ཞིག་ཡིན། འགྱུར་ལྡོག་དེས་འཛེར་སྒྲ་ཆུང་ངུ་སོགས་ཀྱི་གནད་དོན་གྱི་ཁེ་དབང་སྲུང་སྐྱོང་གི་དཀའ་གནད་ནུས་ལྡན་ངང་སེལ་ཐུབ་པ་དང་། མངོན་མེད་ཁོར་ཡུག་གི་ཁེ་དབང་ལ་གནོད་འཚེ་ཕོག་པའི་ཁེ་དབང་སྲུང་སྐྱོང་གི་ཞན་ཆ་སེལ་ཐུབ་པ། དུས་ཐོག་ཏུ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་ནུས་ལྡན་བྱེད་ཐུབ་ཀྱི་ཡོད།

འཛེར་སྒྲས་དམངས་ལ་སུན་པོ་བཟོ་བའི་སྣང་ཚུལ་སེལ་བ་ནི་ཁོར་ཡུག་བཅོས་སྐྱོང་ཐད་ངེས་པར་ལན་འདེབས་དགོས་པའི་དྲི་བ་ཞིག་ཏུ་གྱུར་ཡོད། སྐྱེ་ཁམས་ཁོར་ཡུག་པུའུ་སོགས་སྡེ་ཚན་དང་ཚན་པས་ཁྱབ་བསྒྲགས་བྱས་པའི《ཀྲུང་གོའི་འཛེར་སྒྲའི་སྦགས་བཙོག་འགོག་བཅོས་སྙན་ཞུ(2026)》ལས་མངོན་པར་གཞིགས་ན། 2025ལོར་འཛེར་སྒྲའི་ཞུ་གཏུག་ཐེར་འདོན་གྱིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཡིག་འབུལ་ཞུ་བཅར་དང་ཞུ་གཏུག་ཐེར་འདོན་དོ་དམ་ལས་སྟེགས་ཀྱི་ཞུ་གཏུག་བྱེད་ཚད་ཀྱི་54.0%ཟིན་ནས་ཁོར་ཡུག་སྦགས་བཙོག་གི་རྒྱུ་རྐྱེན་གཙོ་བོའི་གྲས་སུ་ཚུད་ཡོད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། རིག་རྡོར་གྱིས་ཞུས)